ཁྲིན་རོས་ཧྥིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཟྤྱི་ཟླ1པོའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥིན་ཟི་ལིང་མེ་འཁོར་ས་ཚིགས་དང་གྲོང་ཁྱེར་རིམས་འགོག་ལྟེ་གནས། མཚོ་སྔོན་ཧོས་ཧྥིན་ཀུང་ཟི་སོགས་ཚོགས་ར་གཙོ་བོར་ཕྱིན་ནས་རིམས་ནད་འགོག་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཐོག་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། ཁྲིམས་ལྟར་འགོག་ཟོན་ཚན་རིག་དང་མཐུན་པ། མཉམ་འགོག་མཉམ་སྲུང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས། དེ་བཞིན་ཤུགས་ཆེན་པོས་རིམས་འགོག་སྙིང་སྟོབས་དར་སྤེལ་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

དེ་རྗེས་ཁྲིན་རོས་ཧྥིན་གྱིས་ཟི་ལིང་མེ་འཁོར་འབབ་ཚུགས་སུ་འགོག་སྲུང་སྒྲིག་བཀོད་སྒྲིག་སྦྱོར་དང་འགྲུལ་པ་ཞིབ་དཔྱད་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྣེ་ལེན་བྱ་ཡུལ་གྱི་ལས་དོན་མི་སྣར་འཚམས་འདྲི་དང་འབྲེལ་ཡུལ་དངོས་སུ་མཛུབ་ཁྲིད་གནང་། ཁོས་མེ་འཁོར་འབབ་ཚུགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཛིང་རགས་ཐོག་མ་ཡིན་པས་ཁྲིམས་དང་སྒྲིག་སྲོལ། དེ་བཞིན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པར་བྱས་ནས་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་ཚ་བ་རྒྱས་མཁན་བརྒྱུད་སྤྲོད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ།གཙང་སྦྲ་དོད་པའི་དུག་སེལ་བྱེད་ཐེངས་ཇེ་མང་དུ་གཏོང་བ།ནང་འདྲེན་གྱི་འགག་སྒོ་དང་ཉེན་ཁའི་གནས་གྲལ་བཤེར་ཡག་པོ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཐའ་གཅིག་ཏུ་བསྐྲུན་དགོས་ཞེས་བསྟན་པ་རེད།

ཤ་མོ་འཚོས་བསྒྱུར།