ཚོ་ཤོག་གསར་པའི་གླེང་སྟེགས་སྐབས་བཞི་བ་བདེ་ལེགས་ངང་མཇུག་བསྡུས།

སྤྱི་ཟླ་དང་པོའི་ཚེས་དགུ་ཉིན་ཚོ་ཤོག་གསར་བ་དང་མཚོ་སྔོན་རིན་ཆེན་འདུས་རུ་བོད་སྤོས་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་གཙོ་སྒྲུབ་མཛད་ཅིང་།མཚོ་སྔོན་གངས་ལྷ་མེ་ཏོག་མི་རིགས་རྒྱན་གོས་ཚད་ཡོད་སྤྱི་གཉེར་ཁང་དང་རྐང་ཚ་ཨ་ཡར་ཁུལ་ནོར་ཁུལ་གསར་སྤེལ་ཕྱིར་ཚོང་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་གྲོག་གཞོན་ཁང་ས་ཕྱིར་འཚོང་འཆར་འགོད་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་ཕུགས་སྟོན་ཁེ་ལས་དོ་དམ་བློ་འདྲི་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་འགན་སྒྲུབ་བྱས་པའི་ཚོ་ཤོག་གསར་བའི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་བ་གནའ་མཁར་ཟི་ལིང་གྲོང་ཁྱེར་དབྱིབས་རྩིས་དཔེ་ཁང་དུ་བསྡུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་པའི༼རིག་གནས་ཀྱི་རང་རྟོན་ཆེན་པོ་མེད་ཅིང་། རིག་གནས་ཀྱི་དར་རྒྱས་གོང་འཕེལ་མེད་ན། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཀྱང་ཡོད་མི་སྲིད།༽ཅེས་པ་ཐེངས་འདིའི་གླེང་སྟེགས་ཀྱི་ཤུགས་རྒྱག་ས་གཙོ་བོར་བཟུང་ནས་གླེང་སྟེགས་ཀྱི་བརྗོད་གཞི་ལ༼རིག་གནས་སྲོག་ཏུ་བཟུང་བའི་ཚོང་ལས་རིན་ཐང་བསྐྱར་སྐྲུན༽ཞེས་པ་གཏན་འཁེལ་བྱས་ཤིང་། ཐོན་ལས་སྲིད་ཇུས་དང་ཁྲོམ་རའི་དགོས་མཁོ། ལས་རིགས་འཕེལ་རྒྱས་དང་ཚོང་ལས་ཁ་ཕྱོགས་སོགས་ལ་དམིགས་ནས་ཆེད་མཁས་པ་སོ་སོས་མཐོ་རིམ་གླེང་མོལ་དང་བརྗོད་དོན་གཏམ་བཤད་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁ་བརྡ་མང་པོ་བྱས་པ་མ་ཟད། ཚོགས་ཞུགས་ཁེ་ལས་པ་ཡོངས་ལ་ཐོན་ཁུངས་མཉམ་སྤྱོད་དང་ཐོན་ལས་མཉམ་འབྲེལ་ཕྱོགས་ནས་ཀྱང་གྲུབ་འབྲས་ཕུན་སུམ་ཚོགས་པ་བྱུང་ངོ་།།

ཐེངས་འདིའི་གླེང་སྟེགས་སྟེང་གི་སྐུ་མགྲོན་གཙོ་བོ་ནི་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རབས་པའི་མཛུབ་སྟོན་དགེ་རྒན་སྐལ་བཟང་ཚེ་བརྟན། སེམས་ཀྱི་ཉི་ཟླ་ཨ་རོག་ཁམས་པ་སྤུས་ལེགས་མགྲོན་ཁང་གི་ལས་འཛིན་དཔོན་གྲགས་པ་སྐལ་ལྡན། མཚོ་སྔོན་དབྱིབས་རྩིས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་དཔོན་དང་མཚོ་སྔོན་ཅིན་ཙའོ་ཚོང་ཚོགས་ཀྱི་སྤྱི་གཉེར་བ་ལིན་ཀེན། ཀྲུང་གོའི་གཏིང་ཟབ་ཡུལ་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་གི་དབུ་བཞུགས་ཞིབ་འཇུག་པ་ཅི་ཕེ་ཧྥུན། བོད་ལྗོངས་རིག་གནས་ཟོང་རྟགས༼ཐེའི་ཧེའུ༽མཉམ་འབྲེལ་སྲོལ་འབྱེད་པ་དང་། པེ་ཅིང་སློབ་ཆེན་བོད་ལྗོངས་སློབ་གྲོགས་ཚོགས་པའི་ཚོགས་གཙོ་དང་། བོད་ལྗོངས་པེ་ཅིང་ཚོང་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་བཀྲ་ཤིས། ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་མཁར་བྱམས་རྒྱལ་བཅས་གདན་ཞུ་བྱས་ཤིང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་དང་ཀན་སུའུ་སོགས་ནས་ན་གཞོན་ཁེ་ལས་པ་བརྒྱ་ལ་ཉེ་བ་ཐེངས་འདིའི་གླེང་སྟེགས་སུ་ཞུགས།

ཐེངས་འདིའི་གླེང་སྟེགས་ལ་བརྗོད་དོན་གཏམ་བཤད་དང་གྲལ་གོར་གླེང་སྟེགས་གཉིས་སུ་དབྱེ་ཞིང་། བརྗོད་དོན་གཏམ་བཤད་སྐབས་གདན་ཞུས་དགེ་རྒན་དྲུག་པོས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མ་འོངས་འཕེལ་རྒྱས་ཁ་ཕྱོགསརིག་གནས་ཐོན་ལས་ཁྲོམ་རའི་དབྱེ་མཚམས༼འབྲེལ་དྲྭ།+རིག་གནས།+ཡུལ་སྐོར།༽གྱི་འཕེལ་རྒྱས་དང་ཕྱིར་འཚོང་། ཁེ་ལས་པའི་འགན་འཁྲི་སོགས་རིག་གནས་སྲོག་ཏུ་བཟུང་བའི་ཚོང་ལས་རིན་ཐང་བསྐྱར་སྐྲུན་ལ་ཟུར་མི་འདྲ་བ་དུ་མ་བགྲོ་གླེང་མང་པོ་མཛད།

གླེང་སྟེགས་མཇུག་རྫོགས་རྗེས་གཙོ་སྒྲུབ་ལས་ཁུངས་ཀྱིས་ཁེ་ལས་པའི་དགོང་ཟས་མཉམ་རོལ་གྱི་བྱ་འགུལ་བཀོད་སྒྲིག་བྱས་ཤིང་། ཁེ་ལས་པ་ཚོས་རང་གི་ལས་རིགས་དང་འབྲེལ་ནས་གཞན་ལ་རྒྱུས་ལོན་དང་མཉམ་འབྲེལ་བྱེད་རྒྱུར་སྟབས་བདེ་སྐྲུན་པ་མ་ཟད། ཐོན་ཁུངས་མཉམ་སྤྱོད་དང་ཚོང་ལས་ཀྱི་འབྲེལ་ཟམ་བཟང་བོ་ཞིག་བྱུང་ནས་ཁེ་ལས་པ་ཚོས་རྗེས་ཕྱོགས་ཀྱི་ལས་ཀ་མཉམ་འབྲེལ་ལ་གོ་སྐབས་མང་པོ་བསྩལ།

ཚོ་ཤོག་གསར་བའི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་ནི་མདོ་དབུས་མཐོ་སྒང་གི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་བྱེད་པའི་རྩ་འཛུགས་ཤིག་སྟེ།འབྲེལ་ལམ་སྟེགས་བུ་དང་ལས་རིགས་བརྗེ་རེས།བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་འགན་འཁྲིར་བཟུང་ཞིང་།བོད་ཁུལ་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་དཔྱད་བསྡུར།མཉམ་ལས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་དོ།།