མདོ་སྨད་གཅན་ཚའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྣང་རའི་གོར་མོ་ཆེ།

གཅན་ཚའི་ཡུལ་དུ་གནའ་སྔ་མོ་ནས་གོ་རེ་སྲེག་པའི་ལག་རྩལ་དར་ཡོད་ལ། དེ་ནི་ལོ་གསར་དུས་ཆེན་དང་། རྟགས་དང་རྟེན་འབྲེལ། སྐྱིད་སྡུག་དལ་བྲལ་གང་གི་སྐབས་སུའང་མེད་དུ་མི་རུང་ལ། ལྷག་པར་དུ་སྣང་རའི་གོར་མོ་ཆེ་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་རྩ་ཆེན་ཞིག་ཡིན།

གོར་མོ་ཆེ་ཞེས་པ་ནི་གོ་རེ་ཆེན་པོ་ཞེས་པའི་དོན་ཡིན་ལ། དེ་གཙོ་བོ་སྣང་རའི་ས་སྲེག་གོར་སྐྱ་ལ་གོ། གོ་རེ་སྲེག་རྩལ་ལ་མཁས་པའི་མི་ལ་ལག་ཟས་ཅན་ཞེས་ཟེར་ཞིང་ཀུན་གྱིས་བརྩི་འཇོག་ཆེན་པོ་བྱེད།

དེ་ཐོག་མར་ཕྱེ་སྐྱུར་བསྒྱུངས་ནས་ལང་ཚེ་ལག་ཟས་ཅན་དག་གིས་སྐྱ་ཕྱེ་དང་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ལྟ་བུར་བཟོས་རྗེས། སྔོན་ནས་སྲེག་ཡོད་པའི་ས་འཚིག་སྙོམས་པོར་རྡུང་བའི་སྟེང་དུ་བཞག་ཐོག་དེའི་སྟེང་ལ་ཞིབ་ཏུ་རྡུང་བའི་ས་འཚིག་བླུགས་ནས་དུས་ཚོད་ངེས་ཅན་འགོར་ནས་ཚོས་མཚམས་སུ་གོ་རེ་དེའི་སྟེང་ཕྱོགས་དང་མཐའ་ཁ་བྲད་དེ་ཡོངས་སུ་གྲུབ་པ་ཡིན།

གོར་སྐྱ་བསྲེགས་པའི་ཐོག་མའི་གོ་རིམ།

གོར་སྐྱ་ལ་ཆེ་ཆུང་སྣ་ཚོགས་ཡོད་པ་ལས་སྤྱིར་བཏང་གི་གོར་སྐྱའི་ཚངས་ཐིག་ལ་ལི་རྨིད33ཡས་མས་དང་མཐུག་ཚད་ལ་ལི་རྨིད10ཡས་མས་ཡོད་ལ། གྲོ་ཕྱེ་རྒྱ་མ10ཡས་མས་བཀོལ་བ་ཡིན།

ཡོང་འགྲུབ་བྱས་པའི་གོར་སྐྱ།

ལོ་རྒྱུས་སྟེང་སྣང་རའི་གོར་མོ་ཆེ་ཐེངས་གང་མང་ལ་བསྲེགས་མྱོང་ཞིང་། གཙོ་ཆེ་བ་ནི་ཐེངས་དང་བོར་སྣང་རའི་མཆོད་རྟེན་ལ་རབ་གནས་མཛད་སྐབས་སྣང་ར་མཛོ་རྒྱའི་དད་ལྡན་རྣམས་ཀྱིས་ས་སྐྱ་པཎ་ཆེན་མཆོག་ལ་ཕུལ་བ་ཡིན། གོར་མོ་ཆེ་དེའི་ཚངས་ཐིག་ལ་ཕལ་ཆེར་རྨིད1.2དང་མཐུག་ཚད་ལ་ལི་རྨིད20ཙམ། གྲོ་ཕྱེ་རྒྱ་མ80ལྷག་བཀོལ་ཞིང་། དེ་ཤིང་སྒམ་དུ་ལེགས་པར་བཅུག་སྟེ་མཁལ་མར་བཀལ་ནས་ལྷ་སའི་ཇོ་བོར་ཕུལ་བར་གྲགས། ཐེངས་གཉིས་པ་ནི་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཨ་མདོར་ཕེབས་སྐབས། སྣང་རའི་དད་ལྡན་རྣམས་ཀྱིས་གྲོ་ཕྱེ་རྒྱ་མ100ལྷག་གི་གོར་མོ་ཆེ་བསྲེགས་ཏེ་ཕུལ་ཞིང་། ཁོང་གི་ཐུགས་བཀོད་ལྟར་ཀོ་ཐུམ་གྱིས་བཏུམས་རྗེས་ཤིང་སྒམ་དུ་བཅུག་སྟེ་མཁལ་མར་བཀལ་ནས་ལྷ་སའི་ཇོ་བོ་རིན་པོ་ཆེར་ཕུལ། ཐེངས་གསུམ་པ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་བོ་མཆོག་དགུང་ལོ་ཉེར་ལྔ་བ་ལ་དབུས་སུ་བྱོན་ཏེ། འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་གནང་སྟེ་ལོ་བརྒྱད་ཀྱི་རིང་བཀའ་པོད་ཡོངས་རྫོགས་སྦྱངས་པ་དཔྱིས་ཕྱིན་མཛད་ཅིང་མཁས་གྲགས་ཀྱི་སྙན་པ་འབྲུག་ལྟར་ལྡིར། ཕྱག་རྫས་ཅི་ཡོད་ཀྱིས་རྟེན་གསུམ་བཞེངས་ཤིང་རྣམ་དཀར་གྱི་རྒྱུར་ཕུལ་བས་སྐུ་ཆས་བཀྲེན་ཏེ་སྐབས་འགར་དཀའ་སྤྱད་ཀྱི་འཚོ་བའི་ཚུལ་མཛད་པར་དབུས་གཙང་གི་དགེ་བཤེས་རེ་འགས་ཨ་མདོ་སྤྲང་བོ་ཡིན་པའི་ཚུལ་བརྗོད་པར་ཁོང་གིས་རང་གི་ཕ་ཡུལ་སྣང་རར་གོར་མོ་ཆེ་སྐུར་ཡོང་དགོས་པའི་སྐད་བཏང་བ་ལྟར། ཕ་ཡུལ་ནས་གྲོ་ཕྱེ་རྒྱ་མ100ལྷག་བཀོལ་བའི་སྣང་རའི་གོར་མོ་ཆེ་མང་བོ་འབྱོར་བ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ཇོ་བོ་རིན་པོ་ཆེར་ཕུལ་ཏེ་ལྗོངས་འདིའི་ཟས་ནོར་ལོངས་སྤྱོད་རྒྱས་ཤིང་ཞལ་ཟས་རོ་བརྒྱ་ལྡན་པའི་གསོལ་སྨོན་མཛད་པས། དེར་འདུས་སེར་སྐྱ་ཀུན་གྱིས་ཁོང་གི་ཕ་ཡུལ་སྣང་ར་ནི་ཟས་ནོར་ལོངས་སྤྱོད་འཛོམས་ཤིང་འབྲུ་རིགས་སྣ་ལྔ་འཁྲུངས་བའི་ཡུལ་གྲུ་ཞིག་ཡིན་པའི་བརྡ་གོ་བར་སྐད། ཐེངས་བཞི་བ་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མའི་གཅན་ཚ་ཐང་དུ་དབང་ལུང་གནང་སྐབས། སྣང་རའི་དད་ལྡན་རྣམས་ཀྱིས་གྲོ་ཕྱེ་རྒྱ་མ100བཀོལ་ནས་བསྲེགས་པའི་གོར་མོ་ཆེ་པཎ་ཆེན་རིན་པོ་ཆེར་ཕུལ་བ་དེ་ཡིན་ཞིང་། དེ་ལ་སྲིང་བལ་གྱིས་བཏུམས་ཤིང་མཛེས་རྒྱན་གྱིས་སྤྲས་པའི་ཁར་ཤིང་སྒམ་དུ་བཅུག་ནས་མཁལ་མར་བཀལ་ཏེ་གཙང་བཀྲ་ཤིས་ལྷུན་པོར་འབྱོར། ཐེངས་ལྔ་བ་ནི1980ལོའི་ཟླ10བའི་ཚེས26ཉིན་ནས29ཉིན་བར། པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་མཚོ་སྔོན་གཅན་ཚ་རྫོང་དུ་ཕེབས་དུས་ཕྱེ་རྒྱ་མ100ཡོད་པའི་སྣང་རའི་གོར་མོ་ཆེ་གཉིས་བསྲེགས་ཏེ་པཎ་ཆེན་རིན་པོ་ཆེར་ཕུལ་བར། ཁོང་ཐུགས་ཤིན་ཏུ་དགྱེས་ནས་ཁྱེད་ཚོས་བསྲེགས་པའི་གོ་རེ་ཡིས་ཉི་མ་དང་ཟླ་བ་མཚོན་པ་དང་། བདག་གིས་པེ་ཅིན་དུ་འཁྱེར་ནས་ཀྲུང་དབྱང་གི་མགོ་ཁྲིད་ཏིན་ཞའོ་ཕིན་སོགས་ཀྱི་གཟིགས་མོར་བཀྲམ་ནས་བོད་མི་རིགས་ཀྱི་བསྲེགས་པའི་གོར་མོ་ཆེའི་བྲོ་བ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་གསུངས། བློ་མཐུན་ཏིན་ཞའོ་ཕིན་གྱིས་གཟུགས་རྗེས་ངོ་མཚར་བའི་བསྔགས་བརྗོད་བླ་མེད་མཛད་པར་སྐད། རྗེས་སུ་གོར་མོ་ཆེ་དེ་གཉིས་སོ་སོར་པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་དང་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཁང་དུ་ཉར་ཚགས་བྱས་ཡོད།

1980ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ཕུལ་བའི་གོར་མོ་ཆེ།

2002ལོའི་ཟླ6པའི་ཚེས16ཉིན་ནས་ཚེས20ཉིན་བར། སྣང་ར་ཡར་སྣ་གདོང་སྡེ་བའི་མི200ལྷག་གིས་ཕྱེ་རྒྱ་མ1095དང་ཚངས་ཐིག་ལ་རྨིད2.56དང་མཐུག་ཚད་ལ་ལི་རྨིད24ཡོད་པ་ཞིག་བསྲེགས་ཏེ་དངོས་སུ་ལེགས་འགྲུབ་བྱུང་ལ། དེས་བོད་ཁུལ་གྱི་ས་འཚིག་ནང་བསྲེགས་པའི་གོར་མོ་ཆེའི་ཆེས་མཐོའི་ཟིན་ཐོ་བསྐྲུན་པར་མ་ཟད་ས་འཚིག་ནང་བསྲེགས་པའི་གནམ་འོག་གི་ཆེས་ཆེ་བའི་གོར་མོ་ཆེར་གྱུར་སྟབས། 2002ལོའི་ཟླ7པར་ཧྲང་ཧེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གྲས་སུ་ཚུད་པ་རེད།

སྣང་རའི་གོར་མོ་ཆེ།

སྣང་རའི་གོར་མོ་ཆེ་འདི་ལ་དགེ་མཚན་གང་མང་ཞིག་མཆིས་ལ། གཅིག་ནས་ཡུན་རིང་ཟོས་ཀྱང་སུན་སྣང་མེད་པ་སྟེ་གོར་སྐྱ་འདི་ཉིད་ས་ནང་དུ་བསྲེགས་པའི་ཐོན་རྫས་ཡིན་ཞིང་གོ་རེའི་བྲོ་བ་ཞིམ་པས་མི་རྣམས་ཀྱིས་ཡུན་རིང་ཟོས་ཀྱང་སུན་སྣང་མེད། ད་ལྟའི་སྤྱི་ཚོགས་སུ་ཟས་རིགས་མང་བོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་དེ་དག་ལས་པའི་ཡོ་བྱད་མང་བོ་ནི་ལྕགས་སོགས་དང་འབྲེལ་བ་ཡོད་པས་ལྕགས་ཀྱི་དྲི་མ་ཁ་བ་དང་ལས་སྣོན་བྱས་པའི་གོ་རེ་དེར་བུལ་ཏོག་སྣ་ཚོགས་ཤིག་འཕེན་བཞིན་ཡོད་པར་བརྟེན། གནས་སྐབས་སུ་ཟོས་ན་ཁ་ལ་ཞིམ་ཡང་ཡུན་རིང་ཟོས་ན་ཟ་ན་མི་འདོད་པ་སོགས་ཀྱི་སྐྱོན་གང་མང་ཞིག་ཡོད་པ་རེད། གཉིས་ནས་ཕོ་བར་འཕྲོད་པ་སྟེ་གོར་སྐྱ་ནི་ས་འཚིག་གི་ནང་དུ་བསྲེགས་པའི་རྐྱེན་གྱིས་དུག་རླངས་སེལ་བ་དང་། རླངས་བཙོས་གོ་རེ་སོགས་དང་མི་འདྲ་བར་ཉི་མ་ཡུན་རིང་འགོར་ནས་ཟོས་ཀྱང་ཕོ་བར་མི་གནོད་པ། བྲོ་བ་ཞིམ་པ་དང་ཕོ་བ་འགྲངས་ཚད་ཆེ་བ་སོགས་ཟས་རིགས་གཞན་པ་དང་མི་འདྲ་བར་གསུས་པ་ན་བ་དང་ལུས་ཕུང་ལ་གནོད་པ་སོགས་ཡེ་ནས་མེད།

མདོར་ན། སྣང་རའི་གོར་མོ་ཆེ་ནི་བོད་ཀྱི་བཟའ་བཏུང་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། བྲོ་བ་ཞིམ་ལ་བཟོ་རྩལ་ཁྱད་པར་བ་ལྡན་པར་མ་ཟད། ཡུལ་ཁམས་འདིའི་མཐུན་སྒྲིལ་མཉམ་ལས་དང་འཆམ་མཐུན་དར་རྒྱས། ཟས་ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་མཚོན་ཞིང་། ལྷག་པར་དུ་སྣང་རའི་གོར་མོ་ཆེ་སྲེག་པའི་ལག་རྩལ་ལམ་ལག་ཟས་ནི་གཟུགས་འདས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པས་དེ་ཉིད་རྒྱུད་འཛིན་དང་དར་སྤེལ་གཏོང་རིན་ཡོད་པ་ཞིག་རེད།