མཚོ་སྔོན་ཞིང་ཆེན་གྱིས“ནན་འགོག་དྲུག”ལག་བསྟར་བྱས་ནས་རྨོ་ཞིང“གཞན་སྤྱོད”ལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་རེད།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་འབྲེལ་ཡོད་རྨོ་ཞིང“གཞན་སྤྱོད”ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུའི་བརྡ་ཐོ》ཡི་བླང་བྱང་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང“གཞན་སྤྱོད”ཀྱི་འབྲེལ་ཡོད་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱ་བའི་ཇུས་གཞི》འགྲེམ་རྒྱུའི་བརྡ་ཐོ་གཏང་སྟེ། རྨོ་ཞིང“གཞན་སྤྱོད”ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་ནས་ཞིང་ས་སྲུང་སྐྱོང་གི་དམར་ཐིག་དམ་སྲུང་དང་། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་བསྟན།

ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་གཏན་འཇགས་ཀྱི་རྨང་གཞིའི་ཞིང་སར་སྡོང་ཕྲུག་འཛུགས་པ་དང་། རྩྭ་ལྡེམ་འདེབས་པ་སོགས་ཁོར་ཡུག་ལྗང་སྒྱུར་ལ་དམིགས་ཏེ། ཞིང་སར་གནོད་པའི་སྐྱེ་དངོས་འདེབས་འཛུགས་བྱས་པའི་གནས་ཚུལ་ཡོད་པ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་ཁྲིམས་འགལ་གྱི་སྒོ་ནས་ཞིང་ས་སྡོང་འཛུགས་ལྗང་སྒྱུར་ཐད་བཀོལ་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ། གོང་རིམ་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་ཅིང་། རང་མོས་རང་འདོད་ཀྱི་སྒོ་ནས་ཞིང་ས་དང་གཏན་འཇགས་ཀྱི་རྨང་གཞིའི་ཞིང་སར་རྨོ་བསྐྱུར་ནགས་འདེབས་བྱས་ཚེ། རྒྱ་ཁྱོན་ཆེ་ཆུང་ག་འདྲ་ཡིན་རུང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་མི་ཐུབ། 

ཁྲིམས་འགལ་སྒྲིག་འགལ་གྱི་སྒོ་ནས་རྨོ་ཞིང་དང་གཏན་འཇགས་ཀྱི་རྨང་གཞིའི་ཞིང་སར་སྟབས་བདེའི་བགྲོད་ལམ་སྐྲུན་པ་དང་ནགས་ཤིང་འདེབས་འཛུགས་ལྟ་བུའི་ལྗང་སྒྱུར་དང་ཚད་བརྒལ་འཛུགས་སྐྲུན་གྱི་བྱ་སྤྱོད་ནན་འགོག་བྱ་རྒྱུ།

རྨོ་ཞིང་དུ་མཚོ་ཆུང་འདྲུ་པའི་ཁྲིམས་འགལ་བྱ་སྤྱོད་ནན་འགོག་བྱ་རྒྱུ། རྨོ་ཞིང་དང་གཏན་འཇགས་རྨང་གཞིའི་ཞིང་ས་དྲུས་ནས་མཚོ་ཆུང་བཟོ་བ་དང་། མཚོ་ཆུང་བཟོས་ནས་མཛེས་ལྗོངས་བསྐྲུན་པའི་གནས་ཚུལ་ལ་རྩད་ཞིབ་མཐིལ་ལོན་པ་བགྱིས་ཏེ། དུས་བཅད་ནང་ཞིང་ས་སླར་གསོ་བྱེད་དུ་འཇུག་རྒྱུ་དང་འཇུག་ཐབས་མེད་པ་རྣམས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ས་ཡང་བསྐྱར་སྙོམས་སྒྲིག་བྱ་རྒྱུ།

གཏན་འཇགས་རྨང་གཞིའི་ཞིང་ས་བེད་སྤྱད་དེ་རང་བྱུང་སྲུང་སྐྱོབ་ས་ཁོངས་རྒྱ་སྐྱེད་པའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་ཐིག་དམར་པོའི་ཁོངས་གཏོགས་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་རྨོ་ཞིང་དང་གཏན་འཇགས་རྨང་གཞིའི་ཞིང་སའི་གནས་ཚུལ་ལ་ཞིབ་བཤེར་གསལ་པོ་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་ཁོངས་གཏོགས་སུ་ཡོད་པའི་གཏན་འཇགས་རྨང་གཞིའི་ཞིང་ས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་དུ་རིམ་པ་བཞིན་ཕྱིར་འཐེན་ནམ་སོར་འཇོག་བྱ་རྒྱུ། དེང་ཕྱིན་ཆད་ནས་རང་བྱུང་སྲུང་སྐྱོབ་ཁུལ་གསར་པ་གཟུག་དགོས་བྱུང་ན་གཏན་འཇགས་རྨང་གཞིའི་ཞིང་ས་བེད་སྤྱོད་གཏང་མི་ཆོག་པ་བྱ་རྒྱུ།

“སྤྱིལ་ཁང”གི་གནད་དོན་དག་ཐེར་གཙང་སེལ་བྱས་པའི་གྲུབ་འབྲས་དང་། ཞིང་གྲོང་གི་རྨོ་ཞིང་དུ་གང་འདོད་འཛུགས་སྐྲུན་བྱས་པའི་རྒྱུ་ཆ་གཞིར་བཟུང་ནས་རྨོ་ཞིང་གཞན་སྤྱོད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཏེ། ཞིང་ས་དེ་ཞིང་ལས་དང་འབྲེལ་བ་མེད་པའི་འཛུགས་སྐྲུན་ཐད་བེད་སྤྱོད་གཏང་བར་ནན་འགོག་བྱ་རྒྱུ།

འཛུགས་སྐྲུན་ལས་གཞི་ཐད་སྤྱོད་བྱའི་ཞིང་ས་ཡིན་ན་ངེས་པར་དུ་རྒྱལ་ཁོངས་ས་ཞིང་གི་བར་སྟོང་འཆར་འགོད་དང་མཐུན་དགོས་པ་ཡིན། གལ་ཏེ་རྒྱལ་ཁོངས་ས་ཞིང་གི་བར་སྟོང་འཆར་འགོད་དང་མི་མཐུན་ཞིང་། ས་ཞིང་དོ་དམ་གྱི་སྒྲིག་ཁྲིམས་ཁྲིམས་སྲོལ་ཀྱི་གཏན་འབེབས། རྒྱལ་ཁབ་ཐོན་ལས་སྲིད་ཇུས་ཀྱི་འཛུགས་སྐྲུན་ལས་གཞི་ཡི་ཆ་རྐྱེན་དང་མི་མཐུན་ཚེ་ཞིང་ས་སྤྱོད་འཐུས་ཀྱི་ཆོག་མཆན་མི་འགོད་ལ། ཆོག་མཆན་མ་བཀོད་པ་དང་ཡང་ན་གཏན་འབེབས་དང་འགལ་བའི་སྒོ་ནས་རྨོ་ཞིང་དང་གཏན་འཇགས་རྨང་གཞིའི་ཞིང་ས་དག་འཛུགས་སྐྲུན་ལས་གཞི་དང་། ཡང་ན་གནས་སྐབས་སུ་གཞན་དུ་སྤྱོད་པ་ལ་སོགས་སུ་བཀོལ་བ་ཡིན་ན་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་དུ་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད། དུས་བཅད་ནང་འཛུགས་སྐྲུན་མ་བྱས་སྔུན་གྱི་འདེབས་འཛུགས་ཀྱི་ཆ་རྐྱེན་ག་འདྲ་ཡིན་པ་དེ་འདྲར་སླར་གསོ་དགོས་པའི་འགན་དཀྲི་རྒྱུ་སོགས་གཏན་ལ་ཕབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།