མཚོ་སྔོན་པོའི་ཉ་མོ་འཕེལ་ཕྱིར་ཀླུང་རྒྱ་ཐེངས་དྲུག་པ་བསྡམས་པའི་བརྡ་ཐོ།

མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ལ་དོན་དངོས་ཐོག་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་བསྐྱར་གསོ་ལ་སྲུང་སྐྱོབ་དང་མཚོ་སྔོན་པོ་ཞེས་པའི་མཚན་སྙན་འདི་གསར་སྐྲུན་ལེགས་པོ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》དང《མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར། མཚོ་སྔོན་པོར་ཐེངས་དྲུག་པར་ཀླུང་རྒྱ་བསྡམས་པའི་བརྡ་སྦྱོར་གཤམ་གསལ་ལྟར།

གཅིག ལག་བསྟར་ཁྱབ་ཁོངས།

མཚོ་སྔོན་པོ་དང་རིག་སྨོན་ཆུ། རྟ་ནག་མ་ཆུ། འབྲོང་ཆུ། མཚོ་འཁྱིལ་ཆུ་བོ། འོམ་ཆུ། དཔལ་དགེ་ཆུ་བོ། ཝ་མགྱོགས་ཆུ་བོ། སྐྱིད་སྨོན་ཆུ་བོ་སོགས་མཚོ་སྔོན་པོའི་ནང་དུ་འབབ་པའི་གཙང་པོ།

གཉིས། ཀླུང་རྒྱའི་དུས་ཡུན།

མཚོ་སྔོན་པོའི་ཉ་རིགས་འཕེལ་ཕྱིར་ཀླུང་རྒྱ་སྡོམ་ཡུན2021ལོའི་ཟླ་དང་པོའི་ཚེས1ནས2030ལོའི་ཟླ12པའི་ཚེས31ཉིན་ཏེ་ལོ་བཅུ་ཡིན།

གསུམ། ལག་བསྟར་བླང་བྱ།

1.ལས་ཁུངས་དང་མི་སྒེར་སུ་ཡིན་རུང་མཚོ་སྔོན་པོ་དང་མཚོ་སྔོན་པོའི་ནང་དུ་འབབ་པའི་ཆུ་བོའི་ནང་ཉ་རིགས་འཛིན་གསོད་དང་། ཡང་ན་རྣམ་པ་གཞན་སྤྱད་ནས་མངགས་ཉོ་དང་སྐྱེལ་འདྲེན། ཉར་གསོག ལྐོག་འཚོང་བྱ་མི་ཆོག མགྲོན་ཁང་དང་ཟ་ཁང་སོགས་ནས་ཉ་ཤས་བཟོས་པའི་ཁ་ཟས་རིགས་ཕྱིར་འཚོང་བྱ་མི་ཆོག གལ་ཏེ་གཏན་འབེབས་དང་འགལ་ཚེ། ཞིང་ལས་ཞིང་སྡེ་དང་སྤྱི་བདེ་ལས་ཁུངས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་ཞིང་། གནས་ཚུལ་ཚབས་ཆེན་ཡིན་པའི་ཁྲིམས་འགལ་ཉེས་གསོག་གི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་རྒྱུ་ཡིན།

2.ལས་ཁུངས་དང་མི་སྒེར་སུ་ཡིན་རུང་མཚོ་སྔོན་པོ་དང་མཚོ་སྔོན་པོའི་ནང་དུ་འབབ་པའི་ཆུ་རྒྱུད་དུ་ཆུ་རགས་དང་ཆུ་འདྲེན་སྦུག་ལམ། ཆུ་མཛོད་སོགས་ཆུ་བེད་བཟོ་སྐྲུན་སོགས་ཨར་ལས་གང་ཡང་བཟོས་མི་ཆོག མཚོ་སྔོན་པོའི་ནང་དུ་སྦགས་བཙོག་དངོས་པོ་དང་གནོད་འཚེ་ཅན་གྱི་དངོས་པོ། དེ་མིན་སྲ་གཟུགས་སྙིགས་རྫས་སོགས་གཅིག་ཀྱང་འདོར་མི་ཆོག གཏན་འབེབས་དང་འགལ་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན།

3.ཐོན་ཁུངས་རྟོག་ཞིབ་དང་ཚན་རིག་ཞིབ་འཇུག་སོགས་དམིགས་གསལ་སྒོས་ཉ་རིགས་འཛིན་དགོས་པའི་རིགས་ལའང་། ངེས་པར་དུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཆོག་མཆན་འཐོབ་དགོས།

4.མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ་ཁུལ་སྲིད་གཞུང་དང་ཁོངས་གཏོགས་ཀྱི་གསེར་ཆེན་དང་མདའ་བཞི། རྐང་ཚ། ཐེམ་ཆེན་རྫོང་སྲིད་གཞུང་གིས་རིམ་པ་བཀར་ནས་དོ་དམ་ནན་མོ་བྱ་དགོས། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་དང་སྤྱི་བདེ་ལས་ཁུངས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་སྒོས་མཚོ་སྔོན་པོའི་ཉ་རིགས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་འཁྱོལ་བྱ་དགོས།

5.ཞིང་ལས་ཞིང་སྡེའི་སྡེ་ཁག་གིས་ཉ་རིགས་འཕེལ་འཚར་གྱི་ཕྱིར་མཚོ་སྔོན་པོར་ཀླུང་རྒྱ་སྡོམ་པའི་བྱ་བ་རྩ་འཛུགས་བྱས་ཏེ། ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བྱ་སྤྱོད་ལ་ཐག་གཅོད་ནན་མོ་བྱ་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མཚོ་སྔོན་པོའི་ཉ་ཤས་བཟོས་པའི་ཟས་རིགས་ལས་སྣོན་དང་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱ་དགོས། སྤྱི་བདེ་སྡེ་ཁག་གིས་ཉ་རིགས་འཛིན་གསོད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས།

6.རིམ་པ་སོ་སོའི་སྲིད་གཞུང་གིས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ལས་བྱེད་མང་ཚོགས་ཀྱིས་མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ས་ཁོངས་སྡོད་དམངས་ཀྱིས་མཚོ་སྔོན་པོའི་ཉ་རིགས་འཛིན་པ་དང་ལྐོག་འཚོང་བྱེད་པ། ལས་སྣོན་དང་ཕྱིར་འཚོང་མི་བྱེད་པར་ཁག་ཁུར་བྱ་དགོས། ཞིང་ལས་ཞིང་སྡེའི་ལས་ཁུངས་དང་སྤྱི་བདེ་ལས་ཁུངས། ཁྲོམ་ར་ལྟ་སྐུལ་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། ཡུལ་སྐོར་སོགས་སྡེ་ཁག་གིས་སོ་སོའི་འགན་འཁྲི་མཐའ་འཁྱོལ་སྒོས། གཞོགས་འདེགས་དམ་པོ་དང་དོ་དམ་ནན་མོས་མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་གདོན་དགོས།

7.ཐེངས་འདིའི་བརྡ་སྦྱོར2021ལོའི་ཟླ་དང་པོའི་ཚེས1ནས2030ལོའི་ཟླ12པའི་ཚེས31ཉིན་བར་ལག་བསྟར་བྱ་རྒྱུ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ12པའི་ཚེས24ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།