མཚོ་སྔོན་ས་ཁོངས་ནས་འབྲི་ཆུར་ཀླུང་རྒྱ་བསྡམས་ཏེ་ཉ་རིགས་འཛིན་གསོད་བཀག་རྒྱ་བྱས་པའི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཨུ་དང་གཞུང་སྒྲུབ་ཁང་། ཐིན། ཅུའུ་བཅས་ལ་བཏང་བའི་བརྡ་སྦྱོར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལག་བསྟར་སྲོལ་ཡིག》 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་ཐད་ཀྱི་བསམ་འཆར》ཨང་རྟགས(〔2018〕95པ)།《ཞིང་ལས་ཞིང་སྡེ་པུའུ་ཡི་འབྲི་ཆུའི་འབབ་རྒྱུད་གཙོ་བོའི་ཆུ་ཁོངས་ནས་ཉ་ལས་བཀག་སྡོམ་བྱེད་པའི་ཁྱབ་ཁོངས་དང་དུས་ཚོད་ཐད་ཀྱི་བརྡ་ཐོ》(ཞིང་ལས་ཞིང་སྡེ་པུའུ་བརྡ་ཁྱབ་ཨང་རྟགས〔2019〕4པ)བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། འབྲི་ཆུའི་འབབ་རྒྱུད་མཚོ་སྔོན་ས་ཁོངས་ནས་འབྲི་ཆུར་ཀླུང་རྒྱ་བསྡམས་ཏེ་ཉ་འཛིན་པ་སོགས་བཀག་པར་བཏང་བའི་འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ལྟར།

གཅིག ཉ་རིགས་འཛིན་གསོད་བཀག་སྡོམ་བྱས་པའི་འབྲི་ཆུའི་འབབ་རྒྱུད།

1.འབྲི་ཆུའི་ཡན་ལག་ཆུ་རྒྱུན་བཅུ། དམར་ཆུ་དང་འདམ་ཆུ། ཆུ་དམར་ཆུ། འབྲི་ཆུའི་སྟོད་རྒྱུད། རྒྱལ་མོ་དངུལ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་། དར་ལག་རྫོང་བཅས་ཀྱི་ཆུ་ཁོངས་སོགས་འདུ།

2.ཆུ་སྐྱེས་ཐོན་ཁུངས་སྲུང་སྐྱོབ་ཁུལ། དམར་ཆུའི་ཁྱད་ལྡན་ཉ་རིགས་རྒྱལ་ཁབ་རིམ་པའི་ཆུ་སྐྱེས་ཐོན་ཁུངས་སྲུང་སྐྱོབ་ཁུལ་དང་། ཆུ་དམར་ཆུའི་ཁྱད་ལྡན་ཉ་རིགས་རྒྱལ་ཁབ་རིམ་པའི་ཆུ་སྐྱེས་ཐོན་ཁུངས་སྲུང་སྐྱོབ་ཁུལ། ཡུལ་ཤུལ་ཁུལ་སྨུག་པ་འགག་གི་ཁྱད་ལྡན་ཉ་རིགས་རྒྱལ་ཁབ་རིམ་པའི་ཆུ་སྐྱེས་ཐོན་ཁུངས་སྲུང་སྐྱོབ་ཁུལ། རྒྱལ་མོ་དངུལ་ཆུའི་རྒྱལ་ཁབ་རིམ་པའི་ཆུ་སྐྱེས་ཐོན་ཁུངས་སྲུང་སྐྱོབ་ཁུལ་བཅས་འདུ།

རང་ཞིང་གི་འབྲི་ཆུའི་འབབ་རྒྱུད་ས་ཁོངས་ནང་གསར་དུ་བཙུགས་པའི་ཆུ་སྐྱེས་སྐྱེ་དངོས་རང་བྱུང་སྲུང་སྐྱོབ་ཁུལ་དང་ཆུ་སྐྱེས་ཐོན་ཁོངས་སྲུང་སྐྱོབ་ཁུལ། སྲུང་སྐྱོབ་ཁུལ་གསར་འཛུགས་ཉིན་མོ་ནས་བཟུང་བཀག་སྡོམ་ཁྱབ་ཁོངས་ནང་འཇུག་རྒྱུ།

གཉིས། ཉ་རིགས་འཛིན་གསོད་བཀག་སྡོམ་གྱི་དུས་ཡུན། 

གནས་སྐབས་སུ2021ལོའི་ཟླ་དང་པོའི་ཚེས1ནས2030ལོའི་ཟླ12པའི་ཚེས31ཉིན་བར་བཀག་སྡོམ་ལོ་བཅུའི་རིང་ཚོད་ལྟའི་ལག་བསྟར་བྱ་རྒྱུ་རེད།

གསུམ། ཉ་རིགས་འཛིན་གསོད་བཀག་སྡོམ་གྱི་བླང་བྱ།

1.ལས་ཁུངས་དང་མི་སྒེར་གང་རུང་ནས་བཀག་སྡོམ་ཆུ་ཁོངས་ནས་ཉ་རིགས་འཛིན་མི་ཆོག་ཅིང་། བཀག་སྡོམ་དུས་ཡུན་ནང་རྣམ་པ་གང་རུང་ནས་ཉ་འཛིན་ལས་ཀ་སྤེལ་མི་ཆོག བཀག་སྡོམ་ཆུ་ཁོངས་སམ་བཀག་སྡོམ་དུས་ཡུན་ནང་ཁྲིམས་འགལ་སྒོས་བཟུང་བའི་ཉ་རིགས་དང་ཐོན་རྗས་གཞན་དག་ཕྱིར་འཚོང་དང་མངགས་ཉོ་བྱེད་མི་ཆོག ཆུ་སྐྱེས་ཐོན་རྫས་ཉོ་ཚོང་ཁྲོམ་ར་དང་ཟ་ཁང་སོགས་ནས་འབྲི་ཆུའི་ཉ་རིགས་ཀྱི་མིང་དང་རི་མོ་སོགས་སྤྱད་ནས་ཟས་ཐོ་བཟོས་ནས་འགྲུལ་པར་གཡོ་འགུག་བྱེད་མི་ཆོག

2. བཀག་སྡོམ་དུས་ཡུན་ནང་ཚན་རིག་རྟོག་ཞིབ་དང་ལྟ་ཞིབ་ཚད་ལེན། ཉ་རྒྱུ་གསོ་སྤེལ་སོགས་དམིགས་གསལ་སྒོས་ཆུ་སྐྱེས་སྲོག་ཆགས་འཛིན་དགོས་པའི་རིགས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

3.འབྲི་ཆུའི་འབབ་རྒྱུད་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ངོས་ཟིན་མཐོར་འདེགས་དང་འགན་འཁྲི་མཐའ་འཁྱོལ། གནད་དོན་ལང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བྱེད་ཐབས་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་དང་། ནུས་ལྡན་སྒྲིག་གཞི་འཐུས་ཚང་དང་བཅོས་སྐྱོང་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ། དྲིལ་སྒྲོག་སློབ་གསོ་ཟབ་སྤེལ་བྱེད་པ། འགོག་བཅོས་བྱ་བ་སྤེལ་པ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་བྱ་བར་ནུས་ཤུགས་གདོན་དགོས། ཉ་ལས་བཀག་སྡོམ་ལམ་ལུགས་བདེ་བླག་ངང་ལག་བསྟར་བྱེད་པར་འགན་ལེན་དང་། ཉ་ལས་བཀག་སྡོམ་བྱ་བ་སྤུས་ལེགས་སྒོས་སྐུལ་འདེད་བྱས་ཏེ། འབྲི་ཆུར་སྲུང་སྐྱོབ་བྱེད་པ་དོན་འཁྱོལ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཚེ་མེད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་བྱས་རྗེས་འཇོག་དགོས།

4. ཐེངས་འདིའི་བརྡ་ཁྱབ་ཀྱི་གཏན་འབེབས་དང་འགལ་ཚེ། 《ཉ་ལས་བཅའ་ཁྲིམས》དང《ཉེས་དོན་བཅའ་ཁྲིམས》ཀྱི་ཉ་ལས་བཀག་སྡོམ་ཁུལ་དང་ཉ་ལས་བཀག་སྡོམ་དུས་ཡུན་རིང་གི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

5.ཐེངས་འདིའི་བརྡ་ཁྱབ2021ལོའི་ཟླ་དང་པོའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལག་བསྟར་དུས་ཡུན2030ལོའི་ཟླ12པའི་ཚེས31ཉིན་བར་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ12པའི24ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།