ཚོང་ཁང258ཀྱིས་དེ་རིང་ནས་བཟུང་སྔོ་ཚོད་གོང་བདེའི་ངང་མཁོ་སྤྲོད་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2021ལོའི་ལུགས་གསར་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་མང་ཚོགས་ལ་རིན་གོང་བརྟན་འཇགས་ཀྱི་མཁོ་འདོན་བྱ་བའི་བླང་བྱ་གཞིར་བཟུང་སྟེ། ཡང་དག་པའི་སྒོ་ནས་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་སྲུང་སྒོས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ཞི་མཐུན་གྱི་དུས་ཆེན་ལེགས་པོ་ཞིག་རོལ་རྒྱུར་འགན་སྲུང་སྒོས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མུ་མཐུད་དུ་མཐོར་འདེགས་སུ་གཏང་ཆེད་དང་། དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱ་ཆེད། རང་ཞིང་གིས་ཟླ12པའི་ཚེས29ཉིན་ནས་བཟུང་ལུགས་གསར་ལོ་སར་མ་ཚེས་པའི་ཡར་སྔོན་དུ་སྔོ་ཚོད་རིགས་མི་འདྲ་བ5གོང་བདེའི་ངང་མཁོ་སྤྲོད་བྱ་རྒྱུ་རེད་ལ། ཐེངས་འདིར་སྔོ་ཚོད་གོང་བདེའི་ངང་མཁོ་སྤྲོད་བྱེད་པའི་བྱེ་བྲག་གི་དོན་ཚན་ནི་གཤམ་གསལ་ལྟར།

གོང་བདེའི་མཁོ་སྤྲོད་བྱེད་པའི་སྔོ་ཚོད་ཀྱི་རིགས། སིར་སྔོན་དང་སྒོག་རིལ། རྡོ་ཀུབ། ཀྲོ་མ་ཀྲུ། རྡོ་ལུ་མ་བཅས་སྔོ་ཚོད་རིགས5པོ་འདི་ཡིན།

གོང་བདེའི་མཁོ་སྤྲོད་ལག་བསྟར་བྱེད་སའི་ཁྱབ་ཁོངས། ཆུས་བཞི་ཡི་སྔོ་ཚོད་གོང་བདེའི་ཚོང་ཁང142དང་སྒོ་རྩིས་ཁང་གཙོ་བོ30 ཉིང་ཧྲི་སྤྲོ་སྐྱིད་མཉམ་སྦྲེལ་ཚོང་ཁང33 གྲོང་ཁྱེར་གྱི་བརྟན་འཇགས་འཚོ་བའི་མཉམ་སྦྲེལ་ཁང43 གྲོང་ཁྱེར་གྱི་མཁོ་འདོན་ཕྱིར་འཚོང་མཉམ་ལས་ཁང10བཅས་གྲོང་ཁྱེར་ཧྲིལ་བོར་ཁྱོན་བསྡོམས་པས་ཚོང་ཁང258ཡོད།

སྔོ་ཚོད་གོང་བདེའི་ངང་མཁོ་སྤྲོད་བྱེད་པའི་དུས་ཚོད། 2020ལོའི་ཟླ12པའི་ཚེས29ཉིན་ནས་ཚེས31ཉིན་བར་སྟེ། ཁྱོན་བསྡོམས་པས་ཉིན3ཡོད།

སྔོ་ཚོད་གོང་བདེའི་མཁོ་སྤྲོད་བྱེད་པའི་རིན་གོང་། ཀྲོ་མ་ཀྲུ་ཁེ500ལ་སྒོར2.4 རྡོ་ཀུང་ཁེ500ལ་སྒོར2.6 སིར་སྔོན་ཁེ500ལ་སྒོར7.8 སྒོག་རིལ་ཁེ500ལ་སྒོར6.9 རྡོ་ལུ་མ་རིང་བོ་ཁེ500ལ་སྒོར4.5བཅས་ཡིན།

རིན་གོང་སླ་མོའི་ངང་མཁོ་སྤྲོད་བྱེད་པའི་སྐབས་སུ་ས་ཁུལ་སོ་སོའི་གོང་བདེའི་མཁོ་སྤྲོད་ཕྱིར་འཚོང་དྲ་ལམ་ཚོང་ཁང་གི་སྒོ་བྱང་ལ་གཅིག་གྱུར་སྒོས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་རིན་གོང་སླ་མོའི་སྔོ་ཚོད་མཁོ་སྤྲོད་ཞེས་པའི་མཚོན་རྟགས་བཀལ་ཡོད་ལ། དེར་མ་ཟད་ལྟ་སྐུལ་ཁ་པར་ཨང་གྲངས་ཡང་གསལ་བོར་བསྒྲགས་ཡོད། གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཨང་གྲངས12315དང་གྲོང་ཁྱེར་ཚོང་དོན་ཅུའུ། 6133765 གྲོང་ཁྱེར་ཞིང་ཕྱུགས་ཅུའུ་ཡི་ཨང་གྲངས། 6123904 གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཨང་གྲངས། 6113969བཅས་ཡིན། ས་ཁུལ་སོ་སོའི་ཕྱིར་འཚོང་ཁང་དག་གིས་སྔོ་ཚོད་གོང་བདེའི་མཁོ་སྤྲོད་བྱ་རྒྱུའི་རིན་གོང་དམིགས་གསལ་གྱིས་གཏན་འབེབས་བྱ་དགོས་ཤིང་། གཅིག་གྱུར་སྒོས་སྔོ་ཚོད་ཀྱི་རིགས་དང་རིན་གོང་གཅིག་བསྡུས་ངང་ཕྱིར་འཚོང་བྱེད་ཡུལ་དུ་བསྒྲིགས་ནས་འཇོག་དགོས། མི་གཅིག་གིས་གོང་བདེའི་སྔོ་ཚོད་རིགས་གཅིག་རྒྱ་མ5ཡི་ཡན་ཉོ་མི་ཆོག

དེ་དང་ཆབས་ཅིག སྔོ་ཚོང་གོང་བདེའི་ཕྱིར་འཚོང་མཁོ་སྤྲོད་བྱེད་པའི་སྐབས་སུ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་དང་གྲོང་ཁྱེར་ཚོང་དོན། གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ས་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་རང་ས་རུ་ལྟ་སྐུལ་ཚན་ཆུང་རྩ་འཛུགས་བྱས་ཏེ། སིལ་འཚོང་ཚོང་གཉེར་དྲ་བའི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱས་ནས། དུས་ལྟར་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ་དང་སྲིད་ཇུས་ཀྱི་དངོས་འབེབས་དོན་འཁྱོལ་ལ་འགན་སྲུང་ནན་མོ་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།