ན་གོར་མོ་གྲོང་ཁྱེར་གྱི་སློབ་གྲྭ37ལ་ཝུན་ཀྲུའུ་སློབ་གྲྭ་ཁག་གིས་ཁ་གཏད་རོགས་སྐྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ན་གོར་མོ་གྲོང་ཁྱེར་གྱི་སློབ་གྲྭ37ལ་ཝུན་ཀྲུའུ་ཡི་རིམ་པ་སོ་སོའི་རི་སློབ་གྲྭ་ཅི་རིགས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གན་རྒྱ་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་ཝུན་ཀྲུའུ་གྲོང་ཁྱེར་དགེ་རྒན་སློབ་གསོའི་སློབ་གླིང་གི་ཏུང་ཐུའུ་ཡན་ལག་སློབ་གླིང་དུ་སྤེལ། འདི་ནི་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་ཀྱི་བྱེད་ཐབས་གལ་ཆེན་ཐོག་མ་དེ་རེད།

སློབ་གསོའི་ཁ་གཏད་རོགས་སྐྱོར་དངོས་སུ་ལག་བསྟར་དོན་འཁྱོལ་བྱས་པ་དེ་ནི། རྒྱལ་ཁབ་ཀྱིས་སློབ་གསོའི་དྲང་གཞག་དང་སྒྲིག་གཞིའི་འཆམ་མཐུན་སྤྱི་ཚོགས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཝུན་ཀྲུའུ་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་ཐེན་གྱིས་བཤད་རྒྱུར། “ས་ཁུལ་གཉིས་ཀྱི་སློབ་གྲྭ་དག་གིས་དངོས་ཐོག་བདེན་འཚོལ་དང་སློབ་གྲྭའི་གནས་བབ་ལྟར་སྟོབས་ཤུགས་བཏོན་ཏེ་གྲུབ་འབྲས་མི་དམན་པ་ཞིག་ལེན་དགོས་པའི་རྩ་དོན་གཞིར་བཟུང་སྟེ། གཅིག་སྡུར་གཅིག་དང་ཁྱོན་ཡོངས་རང་བཞིན། མུར་བསྟུན་རང་བཞིན། ཁྱོན་ཡོངས་མཐོར་འདེགས་བཅས་ཀྱི་རྣམ་པས་རོགས་སྐྱོར་འཕེལ་རྒྱས་རྣམ་གཞག་ལྟར་ཁ་གཏད་རོགས་སྐྱོར་བྱ་བ་ལེགས་པོར་བསྒྲུབས། ཕྱོགས་གཉིས་ཀའི་སློབ་གྲྭ་དག་གིས་རང་ངོས་ཀྱི་སློབ་སྒྲུབ་ཁྱད་ཆོས་དང་དོན་དངོས་དགོས་མཁོ་གཞིར་བཟུང་ནས། ཚན་རྩལ་ལ་བརྟེན་ནས་ལོ་གསུམ་རོགས་སྐྱོར་འཆར་གཞི་དང་ལོ་རེའི་བྱ་བའི་ཇུས་གཞི་ལག་བསྟར་བྱས་ཤིང་། ཆེད་དུ་འགན་ཁུར་མི་སྣ་བཀོད་སྒྲིག་སྒོས་ལག་བསྟར་དངོས་འབེབས་དང་བསམ་བློ་བརྗེ་རེས་ཀྱི་ཕན་ཚུན་ཁམས་འདྲིའི་རྨང་གཞིའི་སྟེང་། ལས་རྐང་ཁྲོད་སློབ་སྦྱོང་བྱེད་པ་དང་ཆེད་དོན་འཆད་ཁྲིད་བྱེད་པ། སློབ་ཁྲིད་དང་ཞིབ་འཇུག་མཉམ་སྤེལ་གྱི་དོན་དངོས་རང་བཞིན་ལྡན་པའི་རོགས་སྐྱོར་བྱ་བ་རབ་དང་རིམ་པ་སྤེལ་ནས། རོགས་སྐྱོར་བྱ་བས་ནུས་པ་ཐོན་ཐུབ་པ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་དང་ཁག་ཁུར་བྱས་ཡོད”ཟེར།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆིས་ཏི་ཀྲུང་གིས་བཤད་རྒྱུར། “ཕྱོགས་གཉིས་ཀས་མུ་མཐུད་དུ་ས་ཁུལ་གཉིས་ཀྱི་སློབ་གྲྭའི་ཁ་གཏད་རོགས་སྐྱོར་དང་མཐུད་སྦྲེལ་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་སྒོས་བྱ་བ་གཏིང་ཟབ་དུ་སྤེལ་ནས། གོམ་གང་མདུན་སྤོས་སྒོས་དགེ་རྒན་སྐད་གྲགས་ཅན་ལ་སློབ་ཁྲིད་བྱེད་དུ་འཇུག་པ་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་བཅོས་སྒྱུར་ཉམས་མྱོང་བརྗེ་རེས་དང་། དེ་མིན་རིག་ནུས་སློབ་གསོའི་རོགས་སྐྱོར་བྱ་བ་སྤེལ་ནས། ཝུན་ཀྲུའུ་ཡི་སློབ་གསོའི་བྱེད་ཐབས་ལེགས་པོ་དང་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་ན་གོར་མོ་རུ་བསྐྱལ་ཏེ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ལ་གྲུབ་འབྲས་མང་པོ་ཞིག་མངོན་དུ་བཅུག་ཡོད”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།