རྐྱེན་ངན་ཁྲིམས་ཀྱིས་བཟློག སྐབས་བརྗེའི་འདེམས་བསྐོ་སྐུལ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་པ་ལྟར་ན། རྨ་བྱང་ཞང་ཁོངས་སྡེ་བ་དང་སྡོད་ཁུལ་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། ཉེ་ཆར། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་རྨ་བྱང་ཁྲིམས་འཛིན་ཁང་གིས་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རང་རྟོགས་ཀྱིས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་སྲིད་ཇུས་ཇུས་འདོན་པ་དང་བཅའ་ཁྲིམས་ལག་རོགས་པ་བཟང་བོ་བྱས་ནས་ཡུལ་ཁོངས་ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་གཞོགས་འདེགས་བྱས་པ་རེད།

གཅིག་ནི་གཞི་རིམ་ལ་རྐང་ཚུགས་ནས་སྤུས་ལེགས་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་པ། ཁྲིམས་འཛིན་ཁང་གིས་སྡེ་བ་དང་སྡོད་ཁུལ་གྱི་བཅའ་ཁྲིམས་བློ་འདྲི་མི་སྣའི་ཐོན་ཁུངས་ལ་བརྟེན་ནས་སྡེ་བ་དང་སྡོད་ཁུལ་གྱི་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་དཀའ་གནད་གསེད་བཀྲོལ་དང་བཅའ་ཁྲིམས་ཀྱི་གྲོས་འགོ་བཏོན་པ་རེད། དུས་མཚུངས་སུ་སྡེ་བ་དང་སྡོད་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣ་དང་དེ་བཞིན་སྐབས་བརྗེའི་འདེམས་བསྐོའི་རིང་བློ་སེམས་བདེ་ལ་འབབ་དཀའ་ཞིང་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་སྣ་གཙོ་བོ་དག་ལ་བཅར་འདྲི་དང་གླེང་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བསམ་བློའི་དྲན་ཚུལ་དང་དངོས་ཡོད་མཚོན་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་འདེམས་བསྐོའི་ལས་དོན་ཐད་འགོག་རྐྱེན་བཟོ་བའི་རིགས་གཏན་འགོག་བཟང་བོ་བྱས་པ་རེད།

གཉིས་ནི་མང་ཚོགས་ལ་གཞི་བཅོལ་ནས་འགལ་ཟླ་རྩད་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། ཁྲིམས་འཛིན་ལག་རོགས་པས་སྡེ་སྡོད་ལས་བྱེད་པ་དང་འབྲེལ་ཡོད་མི་སྣར་མཉམ་འབྲེལ་སྒོས་རྩོད་གཞི་རིགས་སྣ་ཚོགས་རྩད་བཤེར་ཞིབ་མོ་བྱས་ཏེ་འགལ་བ་ལེགས་སྒྲིག་དང་ཐག་གཅོད་རོགས་སྒྲུབ་བཅས་ཀྱིས་སྐབས་བརྗེའི་འདེམས་བསྐོར་རྐྱེན་བྱས་ནས་འབྱུང་སྲིད་པའི་འགལ་བ་དང་རྩོད་གཞིར་དམིགས་ཏེ།གྱོད་དོན་གྱི་འབྱུང་རྩ་སྔ་མོ་ནས་རྩད་ཞིབ་དང་ཤེས་རྟོགས། ཚོད་འཛིན་བཅས་བྱས་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་རྒྱབ་རོགས་བྱས་པ་རེད།

གསུམ་ནས་ལས་རྐང་ལ་གཞི་ཚུགས་ཏེ་འདེམས་བསྐོའི་ཐོབ་ཐང་ཞིབ་བཤེར་ནན་པོ་བྱས་པ། སྡེ་བ་དང་སྡོད་ཁུལ"ཨུ་ལྷན་གཉིས"ཀྱི་ཁོངས་མིའི་འོས་མིར་བརྩི་མི་རུང་བའི"མི་རུང་བ་བདུན"གྱི་གཏན་འབེབས་གཞིར་བཟུང་སྟེ། ནག་ཉེས་བཟོ་མཁན་དང་དེ་བཞིན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་ནས་གྱོད་ཁོངས་སུ་བཅུག་པ། དོགས་གཞི་ཡོད་པའི་མི་སྣར་སོགས་འདེམས་བསྐོའི་འོས་མིར་བརྩི་མི་རུང་བར་ཐད་ཁྲིམས་འཛིན་མི་སྣས་ཞིབ་བཤེར་ཚགས་དམ་པོ་བྱས་ཏེ་ཆ་འཕྲིན་དོན་དངོས་དང་གནས་ཚུལ་གསལ་པོ་ཡོང་བ་བཅས་ཀྱིས་འོས་མིའི་ཐོབ་ཐང་གི་ཁྲིམས་མཐུན་རང་བཞིན་འགན་ལེན་བྱས་པ་རེད།

གསར་འགོད་པ། ཚེ་རིང་འབུམ།