ས་རྩོད་ཁྲིམས་ལྟར་བསྒྲུབ། དམངས་སེམས་བདེ་ལ་བཀོད།

----རྨ་བྱང་ཁྲིམས་འཛིན་ཁང་གིས་མཉམ་འབྲེལ་གྱིས་ལོ་ངོ13འགོར་བའི་རྩྭ་རའི་དབྱེ་མཚམས་གཏན་འཁེལ་གྱི་རྩོད་གཞི་ཞིག་ལེགས་པོར་བསྡུམས།

གསར་འགོད་པའི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན།སྡེ་བ་དང་སྡོད་ཁུལ་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་དུས་འདིར། ཞང་ཁོངས་ཀྱི་འགལ་རྩོད་ཧུར་ཐག་གིས་སེལ་ནས་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད།ཟླ12པའི་ཟླ་དཀྱིལ་ནས་བཟུང་ཐུན་ཏེ་རྫོང་རྨ་བྱང་ཞང་དམངས་འཐུས་དང་སྲིད་གཞུང་།ཁྲིམས་འཛིན་ཁང་བཅས་ཀྱིས་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་གྱིས་ལོ་13རིང་གི་རྩྭ་རའི་དབྱེ་མཚམས་གཏན་འཁེལ་གྱི་གྱོད་དོན་ཞིག་ལེགས་པོར་བསྡུམས་ནས་གཞི་རིམ་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་པ་རེད།

གཅིག འགལ་བའི་ཁུངས་སྣེ་སྙེག་བཞིན་རྩོད་གཞིར་རྒྱུས་ལོན་བྱས་པ། རྩོད་གཞི་དེ་ནི1996ལོར་འགན་གཙང་གཅིག་དང་གཏན་འཁེལ་བཞི་ལས་བྱུང་ཞིང་། རྨ་བྱང་ཞང་རྨ་ཆུ་སྡེ་བའི་ཧྲེ་གསུམ་གྱི་རྨོ་ཞིང་མུའུ་500ལྷག་ཙམ་སྡེ་མིར་བོགས་གཏོང་བྱས་པ་དང་སྐབས་དེ་དུས་སྡེ་བ་དང་ཧྲེ་འབྲོག་པ་ཁྱིམ་ཚང་བར་གྱི་རྩྭ་རའི་དབྱེ་བ་ཧ་ཅང་གསལ་པོ་ཡོད་ཀྱང་དུས་ཀྱི་འགྲོས་དང་བསྟུན་ནས་ས་མཚམས་རིམ་གྱིས་མག་མོག་ཏུ་གྱུར། རྐྱེན་དེ་ལ་བརྟེན་ནས་སྡེ་བ་དང་སྡེ་མིའི་བར་གྱི་འགལ་བ་ཉིན་རེ་ལས་ཉིན་རེར་ཆེ་ར་ཕྱིན། སྡེ་ཨུ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་ཆེད་དོན་གྲོས་ཚོགས་ཐེངས་མང་བསྡུས་ནས་འདུམ་འགྲིག་བྱས་ལ་ཞང་འདུམ་འགྲིག་ལས་དོན་ཚོགས་ཆུང་གིས་ཀྱང་འདུམ་འགྲིག་ཐེངས་གཉིས་ལ་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར། མཐར་འུ་ཐུག་ཐབས་ཟད་ཀྱིས་རྩོད་གཞི་དེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ལ་སྤྲད་དེ་འདུམ་འགྲིག་ལ་གཞོགས་འདེགས་བྱ་རྒྱུའི་རེ་ཞུ་བྱས་པ་རེད།

གཉིས། སེམས་ཀྱི་རྨ་ཁ་གསོས་ཏེ་རྩོད་གཞི་འདུམ་འགྲིག་བྱས་པ། ཟླ12ཚེས16ཉིན་རྩྭ་རའི་དབྱེ་མཚམས་གཏན་འཁེལ་གྱོད་གཞི་འདི་བདག་སྤྲོད་བྱས་རྗེས། རྨ་བྱང་ཁྲིམས་འཛིན་ཁང་གི་འགན་ལེན་པས་དོ་བདག་ཕྱོགས་གཉིས་བར་གྱི་འགལ་རྩོད་སེལ་བར་གཞིགས་ནས་གྱོད་འབྲེལ་མི་སྣར་བརྡ་བཏང་སྟེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་སུ་འཕྲལ་མར་མཉམ་འབྲེལ་འདུམ་འགྲིག་ལས་དོན་སྤེལ་བ་དང་། འདུམ་འགྲིག་པས་རྩ་ཁྲིམས་གཞི་བཅོལ་ནས་དམངས་སྲོལ་ལ་ཟུར་ལྟ་བྱེད་པའི་རྩ་དོན་གཞིར་བཟུང་ཞིང་ <<རྩྭ་ཐང་བཅའ་ཁྲིམས>>དང<<བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས>>་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་འགྲེལ་བཤད་རྒྱག་པ་དང་། གནས་ལུགས་བརྗོད་པ། གྱོད་དཔེ་དབྱེ་ཞིབ་བཅས་ཀྱི་ཐབས་ལམ་སྤྱད་དེ་ངང་རྒྱུད་རིང་པོས་ཁྲིད་སྟོན་དང་ཁ་ཏ་སློབ་གསོ་ཡང་ཡང་བྱས་མཐར། བརྩོན་འགྲུས་ཅན་ལ་འབྲས་བུ་སྨིན་ཞེས་པ་ལྟར་དོ་བདག་ཕྱོགས་གཉིས་ཀའི་བསམ་འཆར་གཅིག་མཐུན་བྱུང་བ་མ་ཟད།སྔོན་ཆད་རང་གི་ཁེ་ཕན་ཙམ་ལ་དམིགས་ནས་སྡེ་བ་དཀྲིགས་ཤིང་རྙོག་དྲ་བཟོས་པའི་སྐྱོན་ཆར་ངོས་ཟིན་ལེགས་པོ་བྱུང་བ་དང་རྗེས་ཕྱོགས་རང་གཅུན་ནན་པོ་དང་སྒྲིག་བརྩི་ཁྲིམས་སྲུང་བྱ་རྒྱུ་ཡིན་པར་ཁས་ལེན་དམ་བཅའ་བྱས་ཤིང་། ས་ཡིག་དམར་རྡང་ལྟར་འབྲེལ་ཡོད་སྡེ་ཁག་གིས་ཡང་བསྐྱར་ས་མཚམས་དབྱེ་འབྱེད་དང་ཚད་འཇལ་ངོས་འཛིན་བྱེད་པར་རེ་བའི་གཏོས་ཏེ་སྒུག

གསུམ། རྒྱུ་འབྲས་དྲང་སྙོམས་ལམ་ནས་ས་མཚམས་གསལ་བོར་དབྱེ་བ། འགལ་རྩོད་སླར་ཡང་རིམ་སྤོར་མི་ཡོང་བ་བྱ་ཆེད་ཐུན་ཏེ་རྫོང་གིས་འཕྲལ་དུ་སྲིད་ཁྲིམས་ཁོངས་གཏོགས་སྡེ་ཁག་བཞིའི་ལས་དོན་ཚོགས་ཆུང་བཙུགས་ནས་ཟླ12ཚེས23ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཞང་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་དང་སྡེ་བའི་འགོ་ཁྲིད་རྣམས་ཀྱི་འགྲོ་རོགས་བྱས་ཏེ་གྱོད་སྒྲུབ་ཚན་ཆུང་གི་ཁོངས་མི30ལྷག་ཡུལ་དངོས་སུ་རྩྭ་རའི་ས་མཚམས་དབྱེ་འབྱེད་དང་ཚད་འཇལ་བསྐྱར་བགོ་བྱེད་པར་སོང་། ཆེད་ལས་འདུམ་འགྲིག་པས་རྩོད་གཞི་འདུམ་འགྲིག་གི་བླང་བྱ་ལྟར་དོ་བདག་གི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ།གྲོས་འགོ་གཅིག་ལ་ཡོང་ན་གྲོས་ལྟར་དང་ས་ཡིག་དཔང་ལ་བཟུང་ནས་ཁྲིམས་ལྟར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ལག་ལེན་དོན་འཁྱོལ་ཐུབ་ངེས་ཀྱི་བཀོལ་སྤྱོད་ཇུས་གཞི་ཞིག་བཟོས་པ་དང་ལས་དོན་མི་སྣས་སླར་ཡང་ཚད་འཇལ་དབྱེ་འབྱེད་བྱས་པ་མ་ཟད་དབྱེ་མཚམས་གསར་པའི་ཐོག་མཚོན་རས་དམར་བོ་བརྒྱབ་ནས་རྩྭ་རའི་དབྱེ་མཚམས་གསལ་པོ་བཟོས་པས། རྒྱུ་འབྲས་དྲང་བཞག་གི་ལམ་ནས་དགར་བའི་ས་རྟགས་དེར་ཕྱོགས་གཉིས་པོའི་དོ་བདག་དབར་ངོས་འཛིན་གཅིག་མཐུན་བྱུང་བ་དང་དབྱེ་འབྱེད་ཇུས་གཞི་དང་ལེན་བྱས། སྡེ་བའི་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་དང་དོ་བདག་ཕྱོགས་གཉིས་པོས་འདུམ་འགྲིག་གྲོས་མཐུན་ཡི་གེར་མིང་རྟགས་ཀྱང་བཀོད་པ་རེད། དེ་དང་ཆབས་ཅིག་རྗེས་མཐུད་འདུམ་འགྲིག་གྲོས་མཐུན་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་འགན་ལེན་བྱ་ཆེད་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་གྲོས་མཐུན་བཞག་རྗེས་མི་དམངས་འདུམ་འགྲིག་གི་གྲོས་མཐུན་ལ་ཁྲིམས་འཛིན་ཁས་ལེན་བྱེད་པའི་ལམ་ལུགས་ཀྱི་ནུས་པ་རྒྱས་བཤད་གང་ལེགས་བྱས་པ་དང་ཁྲིམས་འཛིན་ཁས་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། ལོ་བཅུ་ཕྲག་རིང་གི་རྩྭ་སའི་དབྱེ་མཚམས་ཀྱི་རྩོད་གཞི་དེ་རྒྱལ་ཁའི་ངང་ཐག་གཅོད་བཟང་བོ་བྱས་ནས་ཞང་ཡོངས་ཀྱི་སྐབས་བརྗེའི་འདེམས་བསྐོའི་དུས་རིམ་བདེ་ལེགས་ངང་བསྐྱོད་ཐུབ་པར་རྨང་གཞི་བརྟན་པོ་བཟོས།

རྨ་བྱང་ཞང་ཏང་ཨུ་དང་སྲིད་གཞུང་གི་འཐུས་ཚབ་མི་སྣ་དང་རྨ་ཆུ་སྡེ་བའི་འགོ་ཁྲིད་རྣམས་ཀྱིས་ཐེངས་འདིའི་འདུམ་སྒྲིག་ལས་དོན་ལ་གདེང་འཇོག་དང་བཀའ་དྲིན་མཚོན་བྱེད་དུ། འདུམ་འགྲིག་ལས་དོན་ཚོགས་ཆུང་གི་མི་སྣ་ཡོངས་ལ་ཁ་བཏགས་ཕུལ་བ་དང་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུའི་ལྟེ་གནས་ལ་ཆེད་དུ་གོས་དར་བཟོས། དེ་མིན་ཁྲིམས་འཛིན་ཁང་གི་ལས་དོན་མི་སྣའི་མཐུན་སྦྱོར་གཞོགས་འདེགས་ལ་ཚད་མཐོའི་ཁས་ལེན་བྱས་པ་མ་ཟད། རྗེས་ཕྱོགས་ཁྲིམས་འཛིན་ཁང་གིས་བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཀྱི་འགལ་རྩོད་སེལ་བར་ཧུར་ཐག་འབད་འབུངས་བྱ་རྒྱུའི་ཡིད་ཆེས་བརྟན་པོ་བཅངས།

གསར་འགོད་པ། ཚེ་རིང་འབུམ།