ནར་སྲིན་འདི་རང་རྒྱལ་གྱི་མི་འབོར་ཕྱེད་ཀ་ལྷག་ལ་འགོས་ཡོད་ཟེར།

ཉེ་ཆར། ཅང་སུའུ་ནན་ཅིང་གི་སྐྱེས་པ་ཞིག་ཕོ་བ་མི་བདེ་བར་གྱུར་ནས་བརྟག་དཔྱད་བྱས་པར། ཁྱིམ་མི་ཚང་མར་ཚགས་སྒོ་དུང་འཁྱིལ་ནར་སྲིན་སྟེ་རྒྱ་སྐད་དུ་幽门螺杆菌ཞེས་པ་དེ་འགོས་པ་ཞིབ་བཤེར་ཐུབ་ཡོད་པ་རེད།


བསྡོམས་རྩིས་བརྒྱབ་པར་གཞིགས་ན། རང་རྒྱལ་གྱི་མི་འབོར་སྤྱིའི་ནང་ནས་ཕྱེད་ཀ་ཙམ་ལ་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་ཡོད་པ་དང་། འགོ་ལམ་གཙོ་བོ་ནི་མིའི་ཁ་བརྒྱུད་ནས་གཞན་ལ་འགོ་བ་དེ་རེད། མཉམ་དུ་བཟའ་བཏུང་བྱེད་དུས་ཁྱིམ་མི་ཕན་ཚུན་བར་འགོ་སླ་བ་མ་ཟད། ནད་པ་མི་ཉུང་བ་ཞིག་ལ་ད་དུང་སྨན་འདྲེད་ཀྱི་སྣང་ཚུལ་ཐོན་གྱི་ཡོད།

ཚགས་སྒོ་དུང་འཁྱིལ་ནར་སྲིན་ནི་ནར་སྲིན་ནམ་དབྱུག་སྲིན་དམིགས་བསལ་ཅན་ཞིག་ཡིན་ཞིང་། དེ་ཉིད་གོ་ལ་ཧྲིལ་པོའི་མིའི་ཁྲོད་འགོས་ཚད་བརྒྱ་ཆ་50ཟིན་ཡོད། དེའི་འགོས་ཚད་ལ་རང་རྒྱལ་གྱི་ས་ཁུལ་ཁག་བར་ཧེ་བག་ཆེན་པོ་ཡོད་ལ། ཆ་སྙོམས་འགོས་ཚད་བརྒྱ་ཆ་59ཡིན་པ་དང་། དེའི་ནང་བྱིས་པར་ཆ་སྙོམས་འགོས་ཚད་བརྒྱ་ཆ་40ཟིན་ཡོད།

འོན་ཀྱང་མི་བརྒྱ་ཆ་70ཙམ་ལ་ནར་སྲིན་དེ་འགོས་ཀྱང་ནད་རྟགས་མངོན་གྱི་མེད་པ་རེད།

ཚགས་སྒོ་དུང་འཁྱིལ་ནར་སྲིན་ནི་མིའི་རིགས་ཀྱི་ཕོ་བའི་འབྱར་སྐྱིར་ཟུག་པའི་ནར་སྲིན་ཞིག་ཡིན་ཞིང་། བཟོ་ལྟ་དུང་འཁྱིལ་དང་འདྲ་བས་མིང་ཡང་དེ་ལྟར་ཐོགས། མིའི་རིགས་ནི་དེའི་རྟེན་ས་དང་འགོ་ཁུངས་ཉག་གཅིག་དེ་ཡིན། གྲངས་གཞི་ལས་མངོན་པར། ནར་སྲིན་འདིའི་རིགས་མང་ཆེ་བ་ནད་པའི་གཟུགས་པོར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་ཐུབ་ཀྱི་ཡོད་ཅིང་། ནད་པ་བརྒྱ་ཆ་70ལ་ནར་སྲིན་འདི་འགོས་རྗེས་ནད་རྟགས་མེད་ལ། ནད་པ་བརྒྱ་ཆ་10ལ་ཟས་འཇུ་དཀའ་བའི་ནད་རྟགས་མངོན་པ་དང་། བརྒྱ་ཆ་10ནས་བརྒྱ་ཆ་20ལ་འཇུ་ལམ་རུལ་བསླད་ཀྱི་ནད་རྟགས་འབྱུང་སྲིད།


གལ་ཏེ་ནད་དེ་གསོ་བཅོས་མ་བྱས་ན། ཕོ་བའི་འབྱར་སྐྱིའི་ཕྲ་ཕུང་གི་ཉམས་གསོའི་བྱེད་ནུས་ཤོར་ཏེ་རིམ་བཞིན་ཚབས་ཇེ་ཆེར་ཕྱིན་ནས་མིའི་ལུས་ཁམས་ཀྱི་འཇུ་བྱེད་མ་ལག་ལ་གནོད་སྐྱེལ་བ་མ་ཟད། ཐ་ན་ཕོ་བའི་ངན་སྐྲན་དུ་གྱུར་ནས་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད་པ་རེད།

མིག་སྔའི་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ནི། ནད་རྟགས་ཐོན་ནའང་འདྲ་མ་ཐོན་ནའང་འདྲ་ཚགས་སྒོ་དུང་འཁྱིལ་ནར་སྲིན་ལས་བྱུང་བའི་ཕོ་ནད་ནི་འགོ་བའི་རང་བཞིན་གྱི་ནད་རིགས་ཤིག་ཡིན་པ་རེད། འོན་ཀྱང་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ་ཤེས་དུས་སྐྲག་སྣང་ཆེན་པོ་བྱེད་མི་དགོས་ཏེ། ཚད་ལྡན་གྱི་གསོ་བཅོས་བྱས་ན་ནད་པ་བརྒྱ་ཆ་90ཡན་གྱི་ནད་རྩ་བ་ནས་བཅོས་ཐུབ་ཀྱི་ཡོད།

འཚོ་བའི་ཁྲོད་གཤམ་གྱི་བྱ་སྤྱོད་ལས་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོ་སླ་སྟེ།

གཅིག མཉམ་དུ་གསོལ་ཚིགས་ལ་རོལ་བ།


ཕྱི་རོལ་དུ་གསོལ་ཚིགས་བཞེས་དུས། གལ་ཏེ་ཟ་ཁང་གི་གསོལ་ཆས་ལ་དུག་སེལ་ཚད་ལོན་པ་བྱས་མེད་པའམ་ཡང་ན་མི་ཁག་གཅིག་མཉམ་དུ་གསོལ་ཚིགས་བཞེས་དུས་སྤྱི་ཐུར་མ་སྤྱད་ཚེ། ནར་སྲིན་འདི་འགོ་ཉེན་ཡོད།

གཉིས། ཕོ་རྒྱུར་ཕོག་ཐུག་ཆེ་བའི་ཟས་རིགས་ཟ་བ།

ཚ་དྲགས་པ་དང་གྲང་དྲགས་པའི་ཟས་རིགས་ཀྱིས་ཕོ་བའི་འབྱར་སྐྱི་ལ་ཟུག་གཟེར་སློང་སླ་བས། ཕོ་བའི་ནད་འགོག་ནུས་པ་ཇེ་ཞན་དུ་ཕྱིན་ནས་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོ་སྲིད།

གསུམ། རྗེན་ཟས་ཟ་བ།

ཤ་རྗེན་པ་ཟ་བའམ་ཡང་ན་རྒྱ་ཁོག་སོགས་ལས་ཤ་ཚོས་པོ་མ་བྱུང་བ་ཟས་དྲགས་ན་གྲོད་ཁོག་བཤལ་ཞིང་། ཕོ་བའི་ཟས་འཇུ་ནུས་ཞན་དུ་བཏང་ནས། ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོ་བར་མངོན་མེད་རྐྱེན་ངན་བསྐྲུན་གྱི་ཡོད།

འོ་ན། ནར་སྲིན་དེ་ཇི་ལྟར་བྱས་ནས་སྔོན་འགོག་བྱེད་དགོས་སམ།


༡ གསོལ་ཆས་ལ་དུག་སེལ་བྱེད་པ་དང་། ཟས་ཁག་བགོས་ཀྱིས་མཆོད་པ།

༢ ཟས་རིགས་རྗེན་པ་དང་ཚ་དྲགས་པའམ་གྲང་དྲགས་པ་མི་བཟའ་བ།

༣ གསོལ་ཆས་མཉམ་སྤྱོད་མི་བྱེད་པ།

༤ དུས་ཐོག་ཏུ་ལག་པ་བཀྲུ་བ་དང་ཁ་སྦུག་གཙང་བཤལ་བྱེད་པ།

༥ ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱེད་པ་བཅས་བྱས་ན་ནར་སྲིན་དེ་སྔོན་འགོག་ཐུབ་ཀྱི་ཡོད།