【འབྱོར་འབྲིང་གི་ལམ་དུ་ཕྱོགས་པའི་ང་ཚོའི་འཚོ་བ། 】གངས་འདབས་ནས་འབྱོར་འབྲིང་དུ་བསྐྱོད་པའི་གོམ་སྒྲ་བརྟན་པོ།

ལས་ཞུགས་ཟབ་སྦྱོང་ལ་བརྟེན་ནས་རང་གནས་གཞན་སྤར་གྱི་དབུལ་སྐྱོར་ལས་ཞུགས་ལ་འགན་སྲུང་བྱས།

སློབ་གསོའི་ཐོན་ཁུངས་དོ་མཉམ་པའི་སྒོ་ནས་གོང་དུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ས་མཐོ་ཞིང་གྲང་ངར་ཆེ་བའི་མགོ་ལོག་གི་ཡངས་པའི་རྩྭ་ཐང་ནི་གཡས་སྣོལ་གཡོན་སྡེབ་དུ་ཆགས་པའི་རི་མཐོ་ཀླུང་ཟབ་ཀྱིས་གྲུབ་ཅིང་དུས་ངེས་མིན་དུ་རང་བྱུང་གི་གནོད་འཚེ་བྱུང་བ་མང་། 2015ལོའི་ཡར་སྔོན་ལ་གནས་འདིའི་འབྲོག་པ་དབུལ་བོར་འགྱུར་ཚད31%ཡིན་ཞིང་། འབྲོག་པའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་མོ5465ལས་མེད།

2016ལོ་ནས་བཟུང་། དབུལ་སྐྱོར་འགག་གཏོར་བྱ་བ་ལག་བསྟར་བྱས་པས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྔ་གཞུག་ཏུ་མ་སྒོར་དུང་ཕྱུར100.2བཏང་སྟེ། ཡུལ་གཞན་གནས་སྤར་དང་། ཐོན་ལས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་དབུལ་པོ་མི་འབོར་ཁྲི4.8ཉེ་བ་གཏན་འཇགས་ངང་ནས་དབུལ་ཐར་བྱུང་ཞིང་། གྲོང་ཚོ་དབུལ་བོ74དང་། རྫོང་དབུལ་བོ6གི་དབུལ་ཞྭ་ཕུད་ནས“གཅིག་ཀྱང་མ་ལུས་པར”འབྱོར་འབྲིང་འཚོ་བ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས།

དབུལ་ཕོངས་འབྲོག་པ་གནས་སྤར་རྗེས་གཏན་འཇགས་ཀྱི་ཡོང་འབབ་རག་ཅིང་ཕྱུག་འགྱུར་གྱི་ལམ་ཁར་སྙེག་ཡོད།

“ང་ནི2018ལོའི་ཟླ11པར་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ80ཅན་གྱི་ཁང་པར་གནས་སྤར་བ་ཡིན།ཁང་པའི་ནང་དུ་རང་བྱུང་རྫབ་རླངས་ཡོད་ལ་དྲ་བ་ཡང་འདུག”ཅེས་སྔོན་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོའི་ཁྲ་ཚོགས་གོང་མའི་དབུལ་པོའི་བྱང་བུ་ཐོགས་མཁན་ཚེ་རིང་སྐྱིད་ཀྱིས་བཤད་བྱུང་། ད་ལྟ་ཁྱིམ་གསར་དེ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་འཇིགས་མེད་གཞིས་ཁུལ་དུ་ཡོད། གཞིས་ཁུལ་དེ་ནི་མགོ་ལོག་ཁུལ་གྱི་ཡུལ་མི་ཐུན་མོང་དུ་གནས་སྤར་སའི་གཞིས་ཁུལ་ཆེ་ཤོས་ཤིག་ཡིན་ཞིང་། 2019ལོའི་ཟླ7པར་བསྐྲུན་པ་དང་། རྫོང་དེའི་ཡུལ་ཚོ་དང་གྲོང་རྡལ7དང་སྲིད་འཛིན་གྲོང་ཚོ21གི་དབུལ་བོའི་བྱང་བུ་ཐོགས་མཁན་དབུལ་ཕོངས་དུད་ཚང716དང་མི2605སྡོད་ཁུལ་དེར་སྤར་ནས་འདུག སྡོད་ཁང་གི་ཁང་པ་ཡང་ཁྱིམ་ཚང་གི་ཆེ་ཆུང་ལྟར་སྨི་ངོས་སྙོམས་གྲུ་བཞི་མ50ཅན་དང124ཅན་གྱི་ཁང་པ་མི་འདྲ་བ་རིགས5བརྒྱབ་ཡོད་པས་གང་ལ་གང་འཚམ་ལྟར་དགོས་མཁོ་བསྐངས་ཡོད།

ཁྱིམ་གཞན་གནས་སྤོ་ནི་ས་ཆུའི་རྐྱེན་དབང་གིས་ཡུལ་མིའི་ཁ་གསོ་རྒྱབ་འགེབས་ཀྱི་གནད་དོན་ཐག་གཅོད་དང་དབུལ་པོ་མང་ཚོགས་ཀྱི་འཚོ་བར་ཐོད་བརྒལ་ཆེན་པོ་འབྱུང་བའི་རྩ་བའི་ཐབས་ལམ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་འཐབ་ས་ལས་རྣམ་པར་རྒྱལ་བའི་བྱེད་ཐབས་གལ་ཆེན་ཡང་རེད། 2019ལོའི་ཟླ8པར། ཁུལ་དེའི་ཕྱོགས་བསྡུས་དང་ཁ་ཐོར་གྱི་གནས་སྤོ་བྱེད་ཐབས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་དུད་ཚང8550དང་དབུལ་པོའི་བྱང་བུ་ཐོགས་མཁན་ཡུལ་མི31864ཡི་གནས་སྤོ་བཀོད་སྒྲིག་བརྒྱབ་པས་དབུལ་བོའི་མི་འབོར་ཇེ་ཉུང་དང་། རྩྭ་ས་འཁོར་རྒྱུག་གཉེར་སྐྱོང་། ཐོན་ལས་ལེགས་བསྡུས་དར་སྤེལ་བཏང་ནས་གྲོང་གསེབ་དང་གྲོང་རྡལ་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།

“གནས་སྤར་གྱི་རྗེས་ལ་གཏན་འཇགས་ཡོང་རྒྱུ”ནི་ཡུལ་གཞན་གནས་སྤོ་ཡི་དབུལ་སྐྱོར་བྱ་བའི་གནད་འགག་ཡིན། “གནས་སྤར་འཐད་མིན”གྱི་གནད་དོན་ཐག་བཅད་རྗེས་མང་ཚོགས་ཀྱི་འཚོ་བ“གཏན་འཇགས་ཡོང་རྒྱུ་དང་། ཕྱུག་འགྱུར་གྱི་ལམ་དུ”ཅི་ལྟར་འཁྲིད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་ཁྲོད་དུ་གཅིག་ཀྱང་ལུས་མི་རུང་བའི་བྱ་བ་ཅི་ལྟར་བསྒྲུབ་དགོས་པ། “དབུལ་པོར་བསྐྱར་འགྱུར”མི་འབྱུང་བར་ཅི་ལྟར་འགན་ཟོན་བྱ་རྒྱུ་བཅས་ནི་གནད་དོན་ཐག་གཅོད་ཀྱི་གཙོ་བོར་གྱུར།

ཁུལ་དེས“གཏན་འཇགས་ཡོང་ཐུབ་པ་དང་། ཕྱུག་པོར་བསྒྱུར་ཐུབ་པ”དམིགས་སུ་བཟུང་སྟེ། དབུལ་བོ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཐག་གཅོད་དང་། གནས་སྤར་རྗེས་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཐུབ་བྱས་པ་དང་། གནས་སྤོ་ལ་བརྟེན་ནས་དབུལ་སྐྱོར་ཁྱབ་ཁོངས་ལ་བཅོས་སྒྱུར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་གཏོར་ལག་བསྟར་དོན་འཁྱོལ་བྱས། ལས་ཞུགས་ཟབ་སྦྱོང་ལ་སྐུལ་སློང་། དབུལ་སྐྱོར་ཐོན་ལས་ལ་སྣེ་ཁྲིད། རྩྭ་ས་དང་སྒོ་ཕྱུགས་མ་རྐང་དུ་འཇོག་པ། དེ་བཞིན་ཆུ་བེད་དང་ནགས་ལས། ན་འདམ་སྐྱེ་ཁམས་ཀྱི་སྤྱི་ཕན་ལྟ་སྐྱོང་ལས་རྐང་དག་དུད་ཚང་དབུལ་པོར་སྤྲད་དེ། སྒོ་ཕྱུགས་ཁོ་ནར་བརྟེན་པའི་འཚོ་སྟངས་བསྒྱུར་ནས་ཡོང་སྒོ་བཙལ་ཐབས་ཀྱི་རིགས་ཇེ་མང་དུ་བཏང་།

ལས་ཞུགས་སྡེ་ཚན་གྱིས་ནང་འདྲེན་བྱེད་ཐབས་ལ་བརྟེན་ནས་ཁྱིམ་ཚང་དབུལ་པོ་གླ་ཡོད་ཟབ་སྦྱོང་དུ་ཞུགས་སུ་བཅུག་ཅིང་། དེའི་ནང་དབུལ་པོ་མི་ཐེངས2700ལས་ཞུགས་ཟབ་སྦྱོང་ལ་ཞུགས་པ་དང་། དེ་ལས་མི1900ལྷག་ལས་ཞུགས་སུ་བསྐུལ་ཡོད། དུད་ཚང་དབུལ་པོ་དང་ཆེད་ལས་མཉམ་ལས་ཁང་། ཁེ་ལས་གསུམ་མཉམ་སྦྲེལ་གྱི་རྣམ་པས་གནས་སྤར་རྗེས་ཀྱི་དུད་ཚང་གིས་ཁྱིམ་ནང་དུ“བགོ་བཤའི་ཁེ་སྤོགས་”ལེན་ཐུབ་པ་དང་། དབུལ་ཕོངས་འབྲོག་པ6200སྐྱེ་ཁམས་ལྟ་སྐྱོང་ལས་རྐང་དུ་ཞུགས་ནས་ མི་རེར་ལོ་རེར་སྒོར་ཁྲི2.16ཡོང་འབབ་རག་ཐུབ་ཀྱི་ཡོད།

ཐོན་ལས་གཙོ་བོ་དམ་འཛིན་སྒོས་ཕྱུག་འགྱུར་གོམ་ཁ་མགྱོགས་པོར་བཏང་།

དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འཐབ་དངོས་སུ་བཤམས་པ་ནས་བཟུང་། དབུལ་སྐྱོར་ཐོན་ལས་གོང་དུ་སྤེལ་རྒྱུ་ནི་དབུལ་སྒྲོལ་ཕྱུག་འགྱུར་མངོན་དུ་བྱེད་པའི་གནད་འགག་ཡིན་ལ། ཕྱུགས་ལས་གཙོ་བོ་གཉེར་བའི་མགོ་ལོག་གི་རྫོང་སོ་སོས་ཕྱུགས་ལས་དང་གེ་སར་རིག་གནས་སོགས་དགེ་མཚན་ལ་གཞི་བཅོལ་ནས། ཡུལ་དེའི་སའི་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་དུ་སྤེལ་ཞིང་། ལྷག་པར་ཐོན་ལས་ཀྱི་སྐུལ་འཁྲིད་ལ་བརྟེན་ནས་དུད་ཚང་དབུལ་པོ་རྣམས་རིམ་བཞིན་དུ་ཕྱུག་འགྱུར་གྱི་ལམ་ཁར་ཕྱིན་པ་རེད།

དགའ་བདེ་རྫོང་གངས་ལུང་ཡུལ་ཚོའི་གངས་ལུང་སྡེ་བ་ནི་དབུལ་སྡེའི་དཔེ་འཇོག་སའི་སྡེ་བ་ཞིག་ཡིན། ལོ་བཅུའི་སྔོན་ལ་གངས་ལུང་སྡེ་བས་དབུལ་སྐྱོར་རོགས་རེས་ཁང་བཙུགས་རྗེས། རྫོང་དེའི་ཞོ་ལས་བཟོ་གྲྭ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་། འབྲུ་སྣུམ་སྒོ་འགྲམ་ཚོང་ཁང་། སྔོ་ཚལ་ཚོང་ཁང་། གསོལ་ཁང་ཞབས་ཞུ། རྡོ་རྐོ་བཟོ་ལས། བོད་རིགས་གྱོན་ཆས་བཟོ་གྲྭ་སོགས་ཐོན་ལས་མང་པོ་ཞིག་ཆར་རྗེས་ཤ་མོ་བཞིན་བྱུང་ནས་མགོ་ལོག་ཁུལ་གྱི“ཕྱུག་འགྱུར”སྡེ་བ་ཐོག་མར་གྱུར། གངས་ལུང་སྡེ་བའི་དབུལ་སྐྱོར་རོགས་རེས་ཁང་དེ་ཡང་ད་ལྟ“100%གསུམ་ཅན”གྱི་དམིགས་འབེན་མངོན་འགྱུར་བྱུང་། ལྷག་པར་སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ178གཅིག་ཀྱང་མ་ལུས་པར་མཉམ་ལས་ཁང་དུ་ཞུགས་པ་དང་། སྡེ་བ་ཡོངས་ཀྱི་རྩྭ་ས100%མཉམ་ལས་ཁང་དུ་སྤྲད། ཁྱིམ་ཚང་སོ་སོའི་སྒོ་ཕྱུགས་ཐམས་ཅད་མཉམ་ལས་ཁང་ལ་འཚོ་སྐྱོང་བྱེད་དུ་བཅུག་ཡོད་པས། ཐོན་ལས་ཀྱི་ཁེ་སྤོགས་ནི་སྡེ་བ་ཡོངས་ཀྱི་ལོ་གཅིག་གི་ཡོང་འབབ་ཡིན་ལ། ཡོང་འབབ་ཀྱི་སུམ་ཆའི་གཉིས་སྡེ་མིར་བགོད་ཀྱིན་ཡོད།

དེ་ལྟ་བུའི་དོན་ཕྲན་ཚེགས་ནས་དོན་ཆེན་པོ་འཁྱོངས་པའི་གངས་ལུང་སྡེ་བའི་གྲུབ་འབྲས་བཟང་པོ་དེ་མགོ་ལོག་ཁུལ་ལ“གངས་ལུང་གི་ཉམས་མྱོང”ཞེས་གཞི་འཛིན་ས་ཞིག་དང་མ་དཔེ་ལྟ་ས་ཞིག་ཏུ་ཆགས། དེ་ལྟར་སྔར་ལས་མང་པོའི་དབུལ་ཁྱིམ་ཁྱད་ལྡན་ཐོན་རྫས་ཀྱི་གཏན་འཇགས་ཡོང་འབབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་དུ་ཕྱིན་པ་རེད། ཁུལ་དེས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཁྲོད་ཀྱི 68%ཐོན་ལས་དབུལ་སྐྱོར་ཐད་བཀོལ་ཏེ། རྫོང་ལ་དབུལ་སྐྱོར་ཐོན་ལས་གླིང་ཡོད་ཅིང་། སྡེ་བར་ཐུན་མོང་གི་དཔལ་འབྱོར་ཡོད་པ། ཁྱིམ་ཚང་རེ་ལ་ཡོང་འབབ་རེ་ཡོད་པའི་ངོས་ཟུར་སྣ་མང་གི་ཐོན་ལས་དབུལ་སྐྱོར་གྱི་མ་ལག་ཅིག་དར་རྒྱས་བྱུང་བར་མ་ཟད། ཆིག་ཤེས་ཀུན་གྲོལ་གྱི་ལམ་ནས་མཐོ་སྒང་གི་ཐོན་ཁུངས་དགེ་མཚན་ལ་གཞི་བཅོལ་ཏེ། སྐམས་ཤ་དང་འོ་བཟོའི་ཐོན་རྫས་ལས་སྣོན། སྡེ་བ་རིམ་པའི་འོད་ཧྥུ། ཞིང་གྲོང་གི་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་ལ་སོགས་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་ལས་ཡང་མི་ཉུང་བ་ཞིག་གསར་ཏུ་བཏོན་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང175དང་། དུད་ཚང་ཁྲི1.39ཡི་མི་ཁྲི4.72བཅས་ལ་སྐུལ་འཁྲིད་དང་། སྡེ་མིར་ཡོང་འབབ་བསྐྲུན་པའི་ཐོན་ལས་ལས་གཞི200ཡི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་དབུལ་པོའི་བྱང་བུ་ཐོགས་མཁན་དུད་ཚང་ཁྲི1.2ལ་ཁེ་ཕན་བསྐྲུན།

“ཐོན་ལས་ཡོད་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ཕན་ཚུན་ལ་ཕན་ཐོགས་པའི་ཐོན་ལས་འབྲེལ་བ་ཆ་ཚང་ཆགས་དགོས། ” ཐོན་ལས་གོང་སྤེལ་དང་མཉམ་དུ་མགོ་ལོག་ཁུལ་གྱིས་ཐོན་ཁུངས་ལེགས་སྒྲིག་ལས་གྲུབ་པའི་ཐོན་ལས་འབྲེལ་མཐུད་དང་ཚོང་རྟགས་ཀྱི་མཚན་སྙན་གྱིས་ཁྲོམ་རའི་འགྲན་རྩོད་དང་རིགས་གཅིག་ཐོན་ལས་ཀྱིས་བཟུང་པའི་ཁྲོམ་རའི་བསྡུར་ཚད་བར་གྱི་འབྲེལ་བ་སོགས་ལ་རྒྱུས་ལོན་མཐིལ་རྟོགས་བྱས་ཏེ། ཐོན་ལས་ཡུན་རིང་འཕེལ་རྒྱས་ཡོང་ཕྱིར་དུ་ཐོན་ལས་ཀྱི་སྒྲིག་གཞིར་ཐོག་མར་སྙོམས་སྒྲིག་བྱས། དེ་ཡང་ཐོག་མར་དབུལ་སྐྱོར་མ་དངུལ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་། སྲིད་གཞུང་གི་རོགས་སྐྱོར་འོག་འཕེལ་རྒྱས་བྱུང་བའི“5369”དང་། “ཁུ་ནུའི་འབྲོག་གཞས”“གསེར་མདོ་གི་རྩྭ་ཐང”“གངས་ལྗོངས་ནོར་བུ”“སྐལ་བཟང་མེ་ཏོག”སོགས་ཁེ་ལས་དུ་མར་མཉམ་འབྲེལ་བྱས་ཏེ། ཐོན་རྫས་ཀྱི་མགོ་ཁུངས་ནས་ཉར་འཇོག་དང་ལས་སྣོན་བར་གྱི་ཐོན་ལས་འབྲེལ་ཐག་ཆ་ཚང་བ་བཟོས་ནས་ཉེར་མཁོ་ཐོན་སྐྱེད་ཀྱི་མཉམ་ལས་ཁང་ཁྲོམ་རར་རྒྱུག་མི་དགོས་པ་དང་། ཁེ་ལས་ཀྱིས་ཀྱང་ཐོན་རྫས་ཀྱི་འགོ་ཁུངས་བཙལ་མི་དགོས་པའི་ཕན་ཚུན་བར་མེད་པ་ཁ་གསབ་དང་ཕན་ཁེ་མཉམ་སྐྲུན་གྱི་རྣམ་པ་ཆགས་པའི་དུས་མཚུངས་སུ། ཐོན་ལས་འབྲེལ་བའི་ཆ་ནས་ཀྱང་མགོ་ལོག་གི་དབུལ་སྐྱོར་དེ“ཁྲག་འདོན་རྣམ་པའི་དབུལ་སྐྱོར”ནས“ཁྲག་བཟོ་རྣམ་པའི་དབུལ་སྐྱོར”གྱི་ལམ་ཕྱོགས་སུ་ཁ་ལོ་བསྒྱུར་པ་རེད།

ད་ཆ་མགོ་ལོག་ས་ཁུལ་དུ་གནད་འཁེལ་དབུལ་སྐྱོར་གྱི་ཁྲོམ་རའི་ཚོང་ལས་གཙོ་བོ167ལྷག་ཡོད་ཅིང་།དེར་མ་དངུལ་དུང་ཕྱུར1ལྷག་བཏང་སྟེ།མགོ་ལོག་ཁུལ་གྱི་རྫོང6ལ་དབུལ་སྐྱོར་ཐོན་ལས་གླིང7བསྐྲུན་ནས་བོད་ཇ་དང་། ཤ་རིགས་ཀྱི་ཟས་ཀྲེན། གཟན་ཆས་རིལ་བུ། གློག་རྡུལ་ཚོང་ལས། ཟོང་སྐྱེལ། བཟའ་བཏུང་སོགས་ཐོན་ལས་མང་པོ་ཞིག་འཕེལ་རྒྱས་བྱུང་བ་དང་། ཁུལ་ཡོངས་ཀྱི་དུད་ཚང་དབུལ་པོར་ཆ་སྙོམས་སུ་ཡོང་འབབ་སྒོར700རེག་ཐུབ་པས། དུད་ཚང་དབུལ་པོའི་ཡོང་འབབ་ལ་འགན་སྲུང་ཐུབ་པར་མ་ཟད། ཕྱུག་པོར་བསྒྱུར་ནས་འབྱོར་འབྲིང་གི་ལམ་དུ་སྙེག་པའི་རྨང་གཞི་ཡང་ཇེ་བརྟན་དུ་བཏང་།

“ཉི་འོད་དངུལ་བྱང”བཟུང་ནས་འབྱོང་འབྲིང་གི་ལམ་དུ་བསྐྱོད།

མགོ་ལོག་ནས་དབུལ་སྒྲོལ་ཁྲོད་ཉི་འོད་ཀྱི་དགེ་མཚན་སྤྱད་དེ་དབུལ་ཁྱིམ་སོ་སོར“ཉི་འོད་དངུལ་བྱང”བཟོས་པ།

མགོ་ལོག་ཁུལ་རྨ་སྟོད་རྫོང་གི་རྨ་ཕྲ་ལི་གྲོང་རྡལ་རྐྱང་སྟོད་སྡེ་བའི་གནམ་སྐྱིད་ཚང་ནི“ཉི་འོད་དངུལ་བྱང”གི་ཁེ་སྤོགས་ལེན་མཁན་ཁྱིམ་ཚང་དབུལ་བོའི་གྲས་རེད། ལོ་ངོ་བཅུའི་ཡར་སྔོན་ལ། མཐོ་སྒང་གི་ཉི་འོད་ལ་གོམས་པའི་གནམ་སྐྱིད་ཀྱི་སེམས་ལ་ཡང་ཤར་མ་མྱོང་ཞིག་ནི་རང་ཉིད་ལ་ཡོང་སྒོ་རེ་ཡོད་པ་དེ་རེད། 2016ལོར་རྒྱལ་ཁབ་གློག་དྲས་རྨ་སྟོད་རྫོང་གིས་ན་གོར་མོ་ནས་འོད་ཧྥུ་སྟོང་ཝ་ཁྲི1ཅན་གྱི་གློག་འདོན་གློག་ཚིགས་འཛུགས་པའི་དབུལ་སྐྱོར་ལས་གཞིར་རྒྱབ་སྐྱོར་བྱས་པ་དེས2019ལོའི་སླེབས་མཚམས་ཀྱི་ལོ་གསུམ་རིང་ནང་སྒོར་ཁྲི300ཡན་གྱི་ཁེ་ཕན་བསྐྲུན། ཁེ་ཕན་དེ་ཐོབ་མཁན་གནམ་སྐྱིད་ཚང་འདུས་པའི་དུད་ཚང་དབུལ་པོ 1132འོད་ཧྥུ་གློག་ཚིགས་ལ་བརྟེན་ནས་ཆ་སྙོམས་སུ་ཁྱིམ་ཚང་རེར་ཧ་ལམ་སྒོར་ཁྲི1རེ་རག་ཐུབ་ཡོད། ད་ལྟར་རྨ་སྟོད་རྫོང་གིས་རང་གི་ས་ཞིང་གོར་མོ་སྟེང་ཀྲའོ་ཝ14.4ཅན་གྱི་འོད་ཧྥུ་གློག་ཚིགས་གཉིས་བཙུགས་ཤིང་། སྔ་རྗེས་སུ་ཁྲི1900 ལ་ཉེ་བའི་ཐོན་སྐྱེད་ཕན་འབྲས་རེག་ནས་དབུལ་པོ་སྡེ་བ30དང་། དུད་ཚང་དབུལ་པོ1700ལ་ཕན་ཁེ་བསྐྲུན་པ་དང་། ཆ་སྙོམས་སུ་ཁྱིམ་ཚང་རེར་སྒོར5200ཡན་བགོ་རྒྱུ་ཡོད་པ་རེད། འོད་ཧྥུ་ཡི་དབུལ་སྐྱོར་དང་གློག་དྲའི་རྒྱབ་སྐྱོར་ལ་སོགས་ཀྱི་ལས་གཞི52ཀྱི་སྐུལ་འཁྲིད་འོག 2019ལོའི་ཟླ5བའི་ནང་རྨ་སྟོད་རྫོང་གི་དབུལ་པོའི་ཞྭ་མོ་སྔ་མོ་ནས་ཕུད་ཐུབ་པ་བྱུང་།

“འོད་ཧྥུ་གློག་འདོན་གྱི་དབུལ་སྐྱོར་གྱིས་དབུལ་ཐར་ལ་རོགས་སྐྱོར་བྱས་པར་མ་ཟད། ནུས་ཁུངས་གསར་པ་ཡང་དར་སྤེལ་བཏང་ཡོད་པས་དེ་ལ་རྒྱབ་སྐྱོར་ཆེན་པོ་བྱ་དགོས། ”རྨ་འབྲི་རྫ་གསུམ་གྱི་ལྟེ་བར་ཆགས་པའི་མགོ་ཁུལ་གྱིས་འཕེལ་རྒྱས་དང་སྲུང་སྐྱོབ་ཟུང་དུ་སྦྲེལ་བ་བཞིན་དབུལ་སྒྲོལ་འགག་གཏོར་ཡང་དེ་དང་དེ་བཞིན་ཡིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བསྐྲུན་པའི་ཀྲའོ་ཝ29.1ཅན་གྱི་སྡེ་བ་རིམ་པའི་དབུལ་སྐྱོར་འོད་ཧྥུ་གློག་ཚིགས2019ལོའི་ཟླ6པར་རྨ་ཆེན་རྫོང་གི་རྟ་བོར་ཡུལ་མཚོའི་དགུ་སྟོད་སྡེ་བར་ཡོངས་སུ་གྲུབ་ནས་གློག་འདོན་འགོ་ཚུགས། ལས་གཞི་དེ་མགོ་ལོག་གི་རྨ་ཆེན་དང་། དགའ་བདེ། དར་ལག པདྨ། གཅིག་སྒྲིལ་བཅས་རྫོང་ལྔ་ཡི་སྡེ་བ63་དང་། དབུལ་པོ་དུད་ཚང4200ལ་ཁེབས་ཤིང་། ལོ20རིང་ལ་ཕན་ཁེ་ཆད་མེད་དུ་ཡོད་པས། ཁུལ་ཡོངས་ཀྱི་39.36%ཡི་དབུལ་པོ་མི་འབོར་ཡིས“ཉི་འོད་ཟ་མ”ཟ་ཐུབ་པ་རེད།

བཅར་འདྲིའི་ཁྲོད་གནམ་སྐྱིད་འཚོ་ཚང་གིས་བསགས་དངུལ་བླངས་ནས་མིང་པོ་དང་མཉམ་དུ་རང་འདེམ་ཚོང་ཁང་ཞིག་ཕྱེས་རྒྱུའི་འཆར་གཞི་བཀོད་འདུག “མ་རྩ་རྡིབ་པར་མི་སྐྲག ལོ་མཇུག་ལ་སླེབས་ན་འོད་ཧྥུ་ཡི་ཁེ་སྤོགས་ལེན་རྒྱུ་ཡོད་པས་ཚོད་ལྟ་ཞིག་བྱ་སྙམ”ཟེར། ད་ཆ“ཉི་འོད་དངུལ་བྱང”གི་དབུལ་པོ་རྣམས་འབྱོར་འབྲིང་གི་ལམ་དུ་སྙེག་པར་བློ་གདེང་ཆེན་པོས་བརྟས་འདུག །

” ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར“དཔངས་མཐོ་ལ་གཏིང་ཟབ”།

ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་བཅུ་འགོར་ཞིང་། དེའི་རིང་དུ་ཁ་གཏད་རོགས་སྐྱོར་ལས་གཞི803ལག་བསྟར་བྱས་པ་དང་། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར27.7བཏང་ལ། གཙོ་བོ་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། གྲོང་སྲིད། ནུས་ཁུངས། ཆུ་བེད། བརྡ་འཕྲིན་སོགས་ཁུལ་ཡོངས་ཀྱི་ཕུགས་ཕན་འཕེལ་རྒྱས་ལ་འབྲེལ་བའི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་སྒྱུར་བྱས་པས། གནད་འཁེལ་དབུལ་སྐྱོར་གྱི་འགག་སྒོ་གཏོར་ཞིང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་ལ་སྒལ་ཤུགས་བསྩལ།

དབུལ་སྐྱོར་འགག་གཏོར་ལ་རམ་འདེགས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏང་རྒྱུ་ནི་། དབུལ་སྐྱོར་འགག་གཏོར་བྱས་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྲུན་བྱ་བའི་སྙིང་བོ་རུ་བཟུང་ཡོད། ནད་ལ་སྟོན་དཀའ་བ་དང་། སློབ་གྲྭར་ཞུགས་དཀའ་བ། འགྲོ་འོང་སྟབས་བདེ་མིན་པ། ཡོང་སྒོ་བཙལ་དཀའ་བ་ནི་མགོ་ལོག་གི་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་དུ་སྙེག་པར་འཕྲད་པའི་དཀའ་ཁག་ཅིག་རེད། དཀའ་ཁག་དེ་དག་སེལ་ཆེད། ཧྲང་ཧའེ་ཡིས་རོགས་སྐྲུན་ལས་གཞིའི་མ་དངུལ་གྱི80%གཞི་རིམ་དང་དམངས་ཚིས་ཕྱོགས་ལ་བཏང་སྟེ། སྔ་རྗེས་སུ་སྐྱེ་ཁམས་ཕྱུགས་ལས་དང་། དབུལ་སྐྱོར་ཐོན་ལས་ཁུལ། ཡུལ་སྐོར་ཐོན་ལས་གོང་སྤེལ་ལ་སོགས་པའི་ལས་གཞི་ལག་བསྟར་བྱས་ནས་དབུལ་པོ་དུད་ཚང་ཁྲི1.2ལྷག་དང་། མཉམ་ལས་ཁང79ཡི་འབྲོག་ལས་ཐོན་སྐྱེད་སྣ་ཁ་ཇེ་མང་དུ་སོང་ནས་འབབ་འཕར་མངོན་འགྱུར་བྱུང་ཡོད།

སློབ་གསོ་དབུལ་སྐྱོར་ནི་ཧྲང་ཧེས་མགོ་ལོག་ལ་རོགས་སྐྱོར་བྱས་པའི་ཁྲོད“ཆེས་གལ་ཆེ་བའི”ལས་གཞི་དེ་རེད། ཁུལ་ཡོངས་སུ་སློབ་གྲྭ་ཆུང་འབྲིང54བཙུགས་པ་དང་། ཟི་ལིང་མགོ་ལོག་སློབ་འབྲིང་དང་། ཞིང་ཆེན་ཡོངས་ཀྱི་སྐད་གཉིས་སློབ་གསོ་ཆ་འཕྲིན་ཅན་འགྱུར་གྱི་གཞི་གྲངས་མཛོད་སྤྲིན་སྟེགས་དཔེ་སྟོན་ལས་གཞི་ཐོག་མ་བཅས་བསྐྲུན་པ་དང་། སློབ་གསོའི་རྨང་གཞི་འཛུགས་སྐྲུན་ནས་བརྩམས་ཏེ་ཧྲང་ཧེ་ནས་མགོ་ལོག་ཏུ་མངགས་པའི་དགེ་རྒན་གྱི་མཉམ་འབྲེལ་མནའ་འབྲེལ་བཙུགས་ཏེ། སློབ་གསོའི་བྱ་གཞག་དེ་ཡང་ཧྲང་ཧེའི་རོགས་སྐྲུན་བྱ་བའི་ཁྱབ་ཁོངས་གཙོ་བོར་གྱུར། 2019ལོར་ཧྲང་ཧའེ་ཕུ་ཏུང་ཕྱི་འབྲེལ་ཞབས་ཞུ་སློབ་གྲྭའི2015ལོའི་མགོ་ལོག་མཁའ་འགྲུལ་འཛིན་གྲྭ་ནས་སློབ་མ18མཐར་ཕྱིན་རྗེས། ནུབ་རྒྱུད་གནམ་ཐང་དང་། ཤར་ཕྱོགས་མཁའ་འགྲུལ་སོགས་མཁའ་འགྲུལ་སྡེ་ཤོག་ཀུང་སིར་རྒྱུགས་འཕྲོད་དེ་མཁའ་འགྲུལ་ཞབས་ཞུ་བར་གྱུར། དེ་ནི་ཐོག་དང་པོར་མགོ་ལོག་གི་སློབ་མ་ཧྲང་ཧའེ་ཡི་མི་རིགས་འཛིན་གྲྭར་མངགས་པའི་སློབ་མ520ལྷག་ཡོད་པའི་ཁྲོད་ཀྱི་ཆ་ཤས་ཙམ་ཡིན། སློབ་མ་དེ་དག་ལས་ཞུགས་བྱས་པའི་ཚད་གཞི་ནི100%ཡིན་པས“མི་གཅིག་ལས་ཞུགས་ཐུབ་ན། ཁྱིམ་ཚང་གཅིག་དབུལ་བོ་ལས་སྒྲོལ་ཐུབ་པའི”ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། སྤྱི་ཚོགས་ཀྱི་སྟེང་དུའང་“ཤེས་ཡོན་ལ་བརྟེན་ནས་ལས་དབང་སྒྱུར་བའི”སྲོལ་བཟང་དར་སྤེལ་བཏང་།

ཧྲང་ཧེའི་རོགས་སྐྱོར་འོག མགོ་ལོག་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་ར་ཆེན་པོར་གྱུར། འཕྲོད་བསྟེན་སྨན་བཅོས་ཀྱི་གནད་དོན་ཐག་བཅད་ནས་དཀའ་ཁག་སེལ་བ་དང་། རོགས་སྐྲུན་ལས་གཞིས་ས་གནས་དེ་གར་ཆེད་ལས་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ནས་མགོ་ལོག་གི་མ་འོངས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།