ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཤིས་ཚིག ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་པའི་དམག་དཔུང་གི་ཆབ་སྲིད་བྱ་བའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དབང་ཆ་འགན་སྲུང་སྲོལ་ཡིག་བཅས་ནི་ཏང་ནང་གི་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཏང་གིས་ཏང་ལ་བཅོས་སྐྱོང་བྱེད་པ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་གྱི་གྲུབ་འབྲས་ཆེས་གསར་བ་དང་ལམ་ལུགས་ཀྱི་གྲུབ་འབྲས་ཡིན་པས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་གདེང་འཇོག་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ལ། ད་ལྟ་སྒྲུབ་བཞིན་པའི་བྱ་བ་སྣ་ཚོགས་གཙོར་འཛིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱུགས་ལན་བཟང་བོ་སྤྲོད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལ་སྦྲེལ་མཐུད་བཟང་བོ་བྱས་ནས། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་གྲོས་ཚོགས་ཐེངས་ཉེར་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་ལ་གཞིགས་ནས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཆེན་པོའི་བྱ་བའི་རྣམ་པ་གྲུབ་པར་བྱེད་པའི་རེ་བ་གལ་ཆེན་རབ་དང་རིམ་པ་ཕྱིར་བཏོན་པ་དང་། ཞིང་ཆེན་ཡོངས་སུ་ངལ་རྩོལ་ལ་བརྩི་བཀུར་དང་ཤེས་བྱར་བརྩི་བཀུར། ཤེས་ལྡན་མི་སྣར་བརྩི་བཀུར། རིན་ཐང་ལ་བརྩི་བཀུར། ཁེ་དབང་ལ་བརྩི་བཀུར་བྱེད་པའི་སྣང་ཚུལ་མཐུག་པོ་གྲུབ་པར་བྱས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་ཤིས་ཚིག་གིས། རང་རྒྱལ་གྱིས་རང་དབང་སྒོ་འབྱེད་འཛམ་གླིང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་བཟང་བོ་མངོན་པར་བྱས་ཡོད་པས། རྒྱལ་ཁབ་ཀྱི་འཐབ་ཇུས་གྲུབ་ཚུལ་ལ་དམིགས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ཁྱད་ཆོས་དགེ་མཚན་འདོན་སྤེལ་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་བཟང་བོ་ཞུས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་མཉམ་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། རྒན་ལྔའི་གོ་གནས་ནུས་པར་ཁས་ལེན་གང་ལེགས་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ལོ་རྒྱུས་ནི་མི་རབས་རེ་རེ་ཡིས་བྲིས་པ་ཡིན་ལ། འཕེལ་རྒྱས་དེ་མི་རབས་རེ་རེར་བརྟེན་དགོས་པས། མི་རབས་རྗེས་མར་མཐོང་ཆེན་བྱས་ན་མ་འོངས་འཕེལ་རྒྱས་བརྩོན་ལེན་བྱེད་ཐུབ་པ་དང་། མི་རབས་རྗེས་མར་རྒྱབ་སྐྱོར་བྱས་ན་གུས་ཞེན་ཐོབ་ཐུབ་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་འཇལ་འཕྲད་གནང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་མཚོན། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་མང་ཚོགས་ཅན་དུ་བསྒྱུར་བ་དང་གོ་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན ལག་བསྟར་བྱེད་དགོས། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ད་ལྟའི་མཚོ་སྔོན་དང་དེང་སྐབས་ཀྱི་ཀྲུང་གོ། ཕྱི་ཕྱོགས་ཀྱི་འཛམ་གླིང་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། ཐུན་མོང་ཚོགས་པའི་འདུ་ཤེས་ཀྱིས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་སྤེལ་བ། དྲང་ཕྱོགས་ཀྱི་ནུས་ཚད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་དར་སྲོལ་གསར་བར་སྣེ་ཁྲིད་བྱེད་དགོས། གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས། འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆར་རྒྱུས་ལོན་གསལ་བོ་བྱེད་དགོས། དུས་ཐོག་ཏུ་སྔོན་ཐོན་དཔེ་ལེགས་ཅན་སྐྱེད་སྲིང་བྱེད་པ་དང་། མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས། དུས་རབས་གསར་བའི་ནང་གི་མཚོ་སྔོན་གསར་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པ་ནི་ཏང་གི་འགོ་ཁྲིད་ཀྱི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྤྱི་ཡོངས་ལ་གཅིག་གྱུར་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན། ལོ་གཅིག་རིང་ལ། ཞིང་ཆེན་རིམ་པའི་ཚན་ཁག་སོ་སོའི་ཏང་ཙུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིག་ལག་བསྟར་ཟབ་མོ་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ། རང་འགན་ལ་རྐང་བཙུགས་པ། བདེན་འཛིན་གསར་གཏོད་བྱས་པས། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་ཆེན་པོ་བླངས། ལངས་ཕྱོགས་མངོན་གསལ་གྱིས་ཆབ་སྲིད་གླེང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། འཕེལ་རྒྱས་ལ་དམིགས་ནས་བྱ་བར་འཆར་འགོད་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་དགོས། སྐྱེ་ཁམས་འབུར་དུ་ཐོན་པར་བྱས་ནས་བྱས་རྗེས་འཇོག་པ་དང་། ཞིང་ཆེན་ཡོངས་སུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཚ་རླབས་གསར་བ་འཕྱུར་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ལ། ཏང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་སྤེལ་ནས། གྲུབ་འབྲས་ལེན་དགོས། སང་ལོའི་ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་སྙིང་འབུར་དུ་ཐོན་པར་བྱེད་པ། སློབ་སྦྱོང་གཉིས་དང་ལག་བསྟར་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བྱ་འགུལ་གལ་ཆེན་སྣ་ཚོགས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་ཡིག་ཐོག་ནས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པ་བཅས་ཀྱི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་གི་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་ཁུར་ཟུང་འབྲེལ་བྱས་པའི་ལམ་ལུགས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བ་ནི་དམངས་གཙོ་གཅིག་བསྡུས་ཀྱི་རྨང་གཞི་ཡིན། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་དང་བྱ་བའི་གདོང་ལེན་པ། དར་སྲོལ་གྱི་སྣེ་ཁྲིད། མཐུན་སྒྲིལ་གྱི་དཔེ་མཚོན། ལག་བསྟར་གྱི་ཚད་ཤིང་དུ་བྱེད་དགོས། མང་ཚོགས་རྩ་འཛུགས་ཀྱིས་སྔར་བཞིན་དུ་མང་ཚོགས་བྱ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཟམ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མང་ཚོགས་ཚོགས་པའི་བྱ་བའི་སྐྱེས་སྟོབས་དང་གསོན་ཤུགས་མངོན་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་དགུ་བ་བསྡུ་རྒྱུའི་ཐག་བཅད།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་གྲོས་གཞི་ལག་བསྟར་བྱེད་པའི་ལག་བསྟར་གྲོས་གཞི་དང་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཡི་ཚད་གཞི་ལོངས་པར་བྱེད་པ་དང་ཏང་གི་ལོ་བརྒྱའི་སྐྱེས་སྐར་བསུ་བའི་གདེང་འཇོག་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བའི་སྐོར་གྱི་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།