གནད་དོན་འདི་དག་ལ་སུས་འགན་འཁུར་དགོས་སམ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉིན་རྒྱུན་འཚོ་བའི་ཁྲོད་། ཁང་པའི་སྤུས་ཚད་ཐད་གནད་དོན་བྱུང་ཚེ་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་ཐད། གསར་དུ་ཁྱབ་སྒྲོག་བྱས་པའི《དམངས་དོན་ཁྲིམས་གཞུང》ལས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་འདུག

ཁང་པར་ཆུ་འཛག་ན་སུས་འགན་འཁུར་དགོས།

དྲི་བ། ཐབ་ཚང་དང་། གསང་སྤྱོད། ཁང་ཀླད་བཅས་སུ་ཆུ་འཛག་པ་དེ་སྡོད་ཁུལ་དོ་དམ་པས་དངུལ་བཏང་ནས་ཉམས་གསོ་བྱེད་དགོས་སམ།

གསལ་འགྲེལ། གནས་ཚུལ་རིགས་གསུམ་དུ་དབྱེ་དགོས་ཏེ། (1)གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པའི་སྤུས་ཚད་འགན་ལེན་དུས་ཡུན་ནང་། སྤྱིར་བཏང་འཛུགས་སྐྲུན་སྡེ་ཚན་གྱིས་ཉམས་གསོ་བྱེད་འགན་འཁུར་དགོས། (2)རང་སྤྱོད་ཁུལ་ལམ་ཡང་ན་མིས་གཏོར་བརླག་དང་བཀོལ་སྤྱོད་བྱས་པ་འོས་འཚམ་མིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་བཟོས་པའི་རིགས། སྤྱིར་བཏང་བེད་སྤྱོད་བྱེད་མཁན་རང་གིས་འགན་ཁུར་ནས་ཉམས་གསོ་བྱ་དགོས། (3)སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བ་དང་། བཀོལ་སྤྱོད་དུས་ཡུན་ཅུང་རིང་བ་སོགས་རང་བྱུང་རྒྱུ་རྐྱེན་ལས་བྱུང་བའི་ཁང་པའི་ངོས་དང་། གྱང་ངོས་སུ་ཆུ་སིམ་པ། ཆུ་འཛག་པ་སོགས་ཀྱི་གནད་དོན་ལ། ཁྲིམས་ལྟར་འཛུགས་སྐྲུན་དངོས་པོ་དང་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་གསོའི་མ་དངུལ་བཀོལ་སྤྱོད་བྱེད་པའི་རེ་འདུན་ཞུས་ཆོག གསར་དུ་ཁྱབ་སྒྲོག་བྱས་པའི《དམངས་དོན་ཁྲིམས་གཞུང་》ནང་ཉམས་གསོའི་མ་དངུལ་སྤྱོད་པའི་ཚད་གཞི་ཇེ་དམའ་རུ་བཏང་ཡོད།

ཁང་པའི་སྤུས་ཚད་ལ་གནད་དོན་བྱུང་ཚེ་སུ་བཙལ་དགོས།

དྲི་བ། ཉོས་པའི་ཁང་པར་གས་སྲུབས་དང་། གྱང་ངོས་བྱེ་མ་ལྷུང་བ། སྒོ་དང་སྒེའུ་ཁུང་ཆག་པ་སོགས་ཀྱི་གནད་དོན་བྱུང་ཚེ་སུ་བཙལ་དགོས།

འགྲེལ་བཤད། གནས་ཚུལ་ལ་གཞིགས་ནས་གྲོས་བསྡུར་བྱ་དགོས། (1)སྡོད་ཁང་གསར་སྐྲུན་ཁང་གི་ལག་ནས་ཁང་པ་ཉོས་རྗེས་སྤུས་ཚད་ཐད་ཀྱི་གནད་དོན་ཤེས་ཚེ། 《ཚོང་ཟོག་ཁང་པའི་ཉོ་འཚོང་འགྲེལ་བཤད》ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་དོན། “ཁང་པའི་གྲུབ་ཆ་གཙོ་བོའི་སྤུས་ཚད་ཚད་ལྡན་མིན་པའི་རྐྱེན་གྱིས་རྩིས་སྤྲོད་བཀོལ་སྤྱོད་བྱེད་མི་ཐུབ་པ་དང་། ཡང་ན་ཁང་པ་རྩིས་སྤྲོད་བཀོལ་སྤྱོད་བྱས་རྗེས། ཁང་པའི་གཙོ་གཞིའི་གྲུབ་ཚུལ་གྱི་སྤུས་ཚད་དེ་ཞིབ་བཤེར་བྱས་པ་བརྒྱུད་ཚད་ལྡན་མིན་པའི་རིགས་ལ། ཉོ་མཁན་གྱིས་གན་རྒྱ་གྲོལ་བ་དང་གུན་གསབ་འཇལ་རྒྱུའི་རེ་བ་ཞུས་པར་རྒྱབ་སྐྱོར་གནང་དགོས། དོན་ཚན་བཅུ་གསུམ་པའི་ནང“ཁང་པའི་རྒྱུ་སྤུས་ཀྱི་གནད་དོན་གྱིས་རྒྱུན་ལྡན་གྱི་སྡོད་གནས་བཀོལ་སྤྱོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པར། ཉོ་མཁན་གྱིས་གན་རྒྱ་གྲོལ་བ་དང་གུན་གསབ་འཇལ་རྒྱུའི་རེ་བ་ཞུས་རིགས་ལ་རྒྱབ་སྐྱོར་བྱ་དགོས། དེར་བརྟེན། གལ་ཏེ་ཁང་པ་ཉོས་ནས་སྡོད་ཁང་དུ་བསྡད་རྗེས་སྡོད་ཁང་ལ་ཤུགས་རྐྱེན་ཐེབས་པའི་སྤུས་ཚད་ཀྱི་གནད་དོན་ཡོད་པ་ཤེས་རྗེས། ཁང་བདག་གིས་ཐོན་འབྱེད་ཚོང་པས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

(3)ལག་བརྒྱུད་ཁང་པ་ཉོས་རྗེས་སྤུས་ཚད་ཐད་ཀྱི་གནད་དོན་ཡོད་པ་ཤེས་ཚེ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་དྲུག་བརྒྱ་བཅུ་བདུན་པའི་ནང“འཚོང་མཁན་གྱིས་རྩིས་སྤྲོད་བྱས་པའི་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་བླང་བྱ་དང་མི་མཐུན་པའི་རིགས། ཉོ་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ལྔ་བརྒྱ་གྱ་གཉིས་པ་ནས་དོན་ཚན་ལྔ་བརྒྱ་གྱ་བཞི་པའི་བར་གྱི་གཏན་འབེབས་ལྟར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་རེ་འདུན་ཞུས་ཆོག” དེ་བས་ན། ལག་བརྒྱུད་ཁང་པ་ཉོས་ནས་སྡོད་གནས་སུ་བསྡད་རྗེས་རྒྱུ་སྤུས་ཀྱི་གནད་དོན་ཡོད་པ་ཤེས་ཚེ། ད་ལྟའི་ཁང་བདག་གིས་ཁང་བདག་སྔ་མར་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་ཆོག སྔར་གྱི་ཁེ་ལས་བདག་པོས་གལ་ཏེ་ཁང་བའི་སྤུས་ཚད་ཀྱི་གནད་དོན་དེ་གསར་འབྱེད་ཚོང་པས་བཟོས་པ་ཡིན་པར་ར་སྤྲོད་བྱེད་ཐུབ་ན། གོང་སྨོས་ཀྱི་གཏན་འབེབས་ལྟར་གསར་འབྱེད་ཚོང་པར་གུན་ཚབ་འཇལ་རྒྱུའི་རེ་བ་ཞུས་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།