ཨེ་ཙི་སྔོན་འགོག་གི་ཤེས་བྱ་འདི་དག་ཁྱོད་ཀྱིས་ཨེ་ཤེས།

ཨེ་ཙི་ནད་ནི་སྤྱི་གཞུང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གནད་དོན་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་ཁ་གཏད་དགོས་པའི་འགྲན་རྩོད་ཆེ་ཤོས་ཀྱང་ཡིན་པས། སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་ནི་མེད་དུ་མི་རུང་།

ཨེ་ཙི་ནད་སྔོན་འགོག་སྐོར་ནས་གནད་འགག་གི་ཆ་འཕྲིན་འདི་དག་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་ཡོད།

གཅིག བདེ་འཇགས་མིན་པའི་ཆགས་སྤྱོད་ནི་ཨེ་ཙི་ནད་འགོས་ཁྱབ་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཨེ་ཙིའི་ནད་དུག་འགོ་ཉེན་ཆེ་ལ་བདེ་འཇགས་མིན་པའི་བྱ་སྤྱོད་ནང་། སྲུང་སྐྱོབ་ལག་ཐབས་མ་བཀོལ་པའི་མཚན་མཐུན་སྐྱེས་པའི་ཆགས་སྤྱོད་དང་། ངེས་གཏན་མེད་པའི་ཆགས་སྤྱོད་རོགས་ཟླ་དང་ལུས་འབྲེལ་བྱུང་བ། རིན་གོང་སྤྲད་དེ་འཁྲིག་སྤྱོད་བྱེད་པ་སོགས་འདུ།

གཉིས། གསར་དུ་དར་བའི་ཉལ་ཐའི་རིགས་འཐེན་ན་མིའི་བློ་རིག་གི་བརྡར་གཅོད་ནུས་པ་ཉམས་ནས་བདེ་འཇགས་མིན་པའི་ཆགས་སྤྱོད་འབྱུང་སླ་བ་ཡིན། གསར་བྱུང་ཉལ་ཐ་དེ་དག“ཁུ་ནག”དང་། “འོ་ཇ”“སྲན་མངར”སོགས་སུ་བརྫུས་སྲིད་པས་ལེགས་པོར་བརྟག་དགོས་པར་མ་ཟད་དོགས་ཟོན་ངང་དེ་དག་དང་རིང་དུ་གྱེས་ན་རང་གི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།

གསུམ། ཆགས་སྤྱོད་ཁྲོད་གསལ་བཤད་ལྟར་བདེ་འཇགས་སྲུང་ཤུབས་སྤྱོད་པ་ནི་ཨེ་ཙི་ནད་སྔོན་འགོག་ལ་ཤིན་ཏུ་ཕན་པའི་བྱེད་ཐབས་རིགས་ཤིག་ཡིན།

བཞི། འོས་མིན་ཆགས་སྤྱོད་བྱུང་རྗེས་རང་ཉིད་ན་ཨེ་ཙེ་འགོས་ཡོད་པར་ཐེ་ཚོམ་ཆེ་ན། རང་འགུལ་སྒོས་ཨེ་ཙི་ནད་དཔྱད་ཞིབ་ཚད་ལེན་བྱེད་སར་ཕྱིན་ནས་སྨན་པའི་དཔྱད་འཇོག་དང་སློབ་སྟོན་འོག ཆུ་ཚོད72རིང་གི་འགོག་ནད་སྨན་རྫས་བཀོལ་ན་ཨེ་ཙིའི་ནད་དུག་འགོས་མཆེད་ཀྱི་ཉེན་ཁ་སེལ་ཐུབ།

ལྔ། སོ་སོར་དུས་རྒྱུན་ཨེ་ཙི་འགོས་ཉེན་ཆེ་བའི་བྱ་སྤྱོད་ཡོད་ན། དུས་ངེས་གཏན་ནང་ཨེ་ཙི་ནད་ལ་བརྟག་དཔྱད་ཚད་ལེན་བྱ་དགོས་པ་དང་། ལོ་རེར་མ་མཐའ་ཡང་ཐེངས2ལ་བརྟག་དཔྱད་བྱས་ནས་འགོས་ཡོད་པ་སྔ་མོ་ནས་སྨན་བཅོས་བྱས་ན་ལུས་ཀྱི་རིམས་འགོག་དང་དུག་སེལ་ནུས་པ་སླར་གསོ་བྱེད་སླ་བས། ཨེ་ཙི་ནད་འདི་དྲག་སྐྱེད་ལ་ཡང་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ།

དྲུག ན་སོ་དར་ལ་བབ་པའི་སློབ་མ་རྣམས་ལ་མཚོན་ན་ཆགས་སྲེད་ཆེ་བའི་དུས་སྐབས་ཡིན་པས། འཁྲུག་སྤྱོད་ཀྱི་བདེ་ཐང་ཤེས་བྱར་སློབ་སྦྱོང་དང་། བདེ་འཇགས་མིན་པའི་ཆགས་སྤྱོད་བྱུང་ན་ཨེ་ཙི་ནད་འགོས་ཉེན་ཆེ་བའི་ཉེན་ཁ་ཤེས་སུ་འཇུག་རྒྱུ་ནི་ཨེ་ཙི་ནད་སྔོན་འགོག་གི་གནད་འགག་ཅིག་ཡིན།

བདུན། མི་སྒེར་དང་ཁྱིམ་མིའི་བདེ་ཐང་བསྲུང་ཆེད། གཉེན་སྒྲིག་དང་མངལ་སྦྲུམ་ལ་སོགས་པའི་གནད་འགག་གི་དུས་སྐབས་སུ་ཁྱོ་ཤུག་ཟུང་ནས་ཨེ་ཙི་ནད་ཡོད་མེད་ཀྱི་བརྟག་དཔྱད་ཚད་ལེན་བྱས་ན་ལུས་སེམས་བདེ་ལ་འབབ་ཐུབ།

བརྒྱད། རོགས་ཟླར་ཨེ་ཙི་ནད་ཕོག་ཡོད་མེད་མི་ཤེས་པའི་གནས་ཚུལ་འོག་འོས་མིན་ཆགས་སྤྱོད་ལ་རོལ་ནས་ཨེ་ཙིའི་ནད་དུག་འགོས་པའི་ཉེན་ཁ་བྱུང་ན། ཕྱོགས་གཉིས་ནས་ཨེ་ཙི་ནད་བརྟག་དཔྱད་ཚད་ལེན་བྱས་ནས་ཕན་ཚུན་གྱི་བདེ་ཐང་ལ་འགན་ལེན་བྱ་དགོས།

དགུ། ས་གནས་ཁག་གི་རིམས་འགོག་ལྟེ་གནས་ཀྱི་རང་འགུལ་རྩད་འདྲི་ཚད་ལེན་སྒོ་བསྟེན་སྨན་ཁང་གིས་བརྟག་དཔྱད་ཚད་ལེན་གྱི་དགོས་མཁོ་ཡོད་པའི་མི་སྒེར་ལ་རིན་མེད་ངང་ཨེ་ཙི་ནད་བརྟག་དཔྱད་ཚད་ལེན་དང་རྩད་འདྲི་ཞབས་ཞུ་གསང་པའི་སྒོ་ནས་བསྒྲུབ་དགོས།

བཅུ། ད་སྔ་ཀྲུང་གོ་ནས་ཆོག་འཐུས་ཐོབ་ནས་ཁྲོམ་རར་བཀྲམས་ཡོད་པའི་ཨེ་ཙི་ནད་ཀྱི་གཅིན་པ་བཤེར་ལེན་བྱེད་ཆས་དེ་ཁྱིམ་དུ་རང་བཤེར་ཚད་ལེན་བྱས་ཆོག །

བཅུ་གཅིག གལ་ཏེ་རང་བཤེར་ཚད་ལེན་གྱི་མཇུག་འབྲས་འགོས་རྟགས་ཡིན་ན། ངེས་པར་དུ་སྨན་ཁང་ངམ་རིམས་འགོག་ལྟེ་གནས་སུ་བཅར་ནས་ངོས་འཛིན་ཡག་དག་བྱས་ཏེ་འབྲེལ་ཡོད་རྩད་འདྲི་དང་སྨན་བཅོས་ཞབས་ཞུ་དང་ལེན་བྱ་དགོས།

བཅུ་གཉིས། ཨེ་ཙི་འགོས་ནད་འགོས་པའི་ནད་པ་ནི་ནད་དེའི་གནོད་འཚེ་ཐེབས་མཁན་ཡིན་པས། ཁོ་དང(ཁོ་མོའི)གཉེན་སྒྲིག་དང་། ལས་ཞུགས། སྨན་བཅོས། སློབ་གསོ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།

བཅུ་གསུམ། ཨེ་ཙི་ནད་འགོས་རྗེས་རང་རྟོགས་སྒོས་གནས་ཚུལ་དེ་རང་གི་བཟའ་ཟླའམ་དགའ་རོགས་ལ་དྲང་མོར་བཤད་དགོས་པར་མ་ཟད། གཞན་ལ་མི་འགོ་བའི་འགོག་སྲུང་གི་བྱེད་ཐབས་སྤྱད་དགོས། རང་ཉིད་ལ་ནད་དེ་འགོས་ཡོད་པ་ཤེས་བཞིན་དུ་སྔར་བཞིན་ཆགས་སྤྱོད་དང་། སྨད་འཚོང་འཆལ་རྒྱུག་ལ་རོལ་བ་དང་། འགོག་ཟོན་བྱེད་ཐབས་གང་ཡང་མ་བཀོལ་བའི་ཐོག་ནས་ལུས་འབྲེལ་བྱུང་ནས་ཕ་རོལ་པོར་ནད་འགོས་པ་ཡིན་ན། རྐང་བཙུགས་ནས་ཕ་རོལ་པོར་གནོད་འཚེ་བཏང་བའི་ཉེས་ཆད་ཐོག་ནས་ཁྲིམས་ལྟར་ཆད་པ་གཅོད་པ་ཡིན།

ཁོན་ཐར་འཚོས་བསྒྱུར།