རྐང་ཚའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་བློ་མཐུན་ཚེ་བྷོ།

ཟླ11པའི་ཚེས26ཉིན། རྫོང་ཨུ་རྒྱུན་ལས་སམ་རྫོང་དྲིལ་སྒྲོག་པུའུ་འཆི་མེད་ཀྱིས་རྫོང་སྤྱིའི་བཟོ་ཚོགས་ཅུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་འཁྱིལ་ཡུལ་ཚོའི་ཏང་གི་འགོ་ཁྲིད་མི་སྣ། གཞན་ཉིན་ཞྭ་སྡེ་བའི་སྡེ་དམངས་ཨུ་ཡོན་གྱི་ལས་བྱེད་བཅས་ཁྲིད་ནས་རྒྱལ་སྤྱིའི་ངལ་རྩོལ་དཔེ་ལེགས་ཅན་ཚེ་བྷོ་ཡི་གཏམ་བཟང་དང་རྒྱལ་ཁ་ཁྱེར་ཡོང་བར་འཚམས་འདྲི་དང་བཀྲ་ཤིས་པའི་ཁ་བཏགས་ཕུལ། དེ་ནས་ཁྱིམ་ནང་ནས་ཁ་བརྡ་དང་བཞུགས་མོལ་བགྲོ་གླེང་བྱས།

ཟླ11པའི་ཚེས24ཉིན། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་དང་མི་སྒེར་སྔོན་ཐོན་གྱི་བྱ་དགའི་ཚོགས་འདུ་རྒྱལ་ས་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ལ། རྐང་ཚ་རྫོང་ཉིན་ཞྭ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྤྱི་གཉེར་བའམ། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དུ་བདམས་ཤིང་གཟི་བརྗིད་དཔང་ཡིག་གནངས།འཆི་མེད་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ཚེ་བྷོར་འཚམས་འདྲི་དང་རྟེན་འབྲེལ་ཞུས་པ་མ་ཟད། གཞན་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཚེ་བྷོ་ཡི་མི་སྒེར་བྱས་རྗེས་ཁྱབ་བསྒྲགས་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་དང་གཞན་ཁོང་གི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཏམ་རྒྱུད་དང་། ཕུལ་བྱུང་གི་འཇོན་ཐང་། ཆེས་མཐོའི་བསམ་བློའི་འདུ་ཤེས་དང་། སྤྱི་ཚོགས་ཡོངས་ལ་སྒུལ་ཤུགས་གནང་བ་སོགས་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དོན་གཉེར་བྱས་ཏེ་སློབ་སྦྱོང་གི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། འགྲན་རྩོད་ཀྱི་ནུས་པ་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་ཉེ་འགྲམ་གྱི་མིག་དཔེར་འགྱུར་བར་བྱེད་དགོས། དུས་མཚུངས་སུ། ད་གཟོད་བློ་མཐུན་གྱི་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་དང་།ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ངར་ཤུགས་མུ་མཐུད་རྒྱུན་སྐྱོང་བ། སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ།དབུལ་ཐར་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁྲོད་མུ་མཐུད་མདུན་དུ་བསྐྱོད་ནས་གྲུབ་འབྲས་སྔར་ལས་ལེགས་པོ་འཐོབ་པར་རེ་བ་བྱེད་བཞིན་ཡོད།

བློ་མཐུན་ཚེ་བྷོ་ཡིས་ཀྱང་ཡིད་ཆེས་ཆེན་པོས་གྲུབ་འབྲས་མཚན་སྙན་དེ་འགོ་འཛུགས་ས་གསར་བ་ཞིག་ཏུ་བརྩི་རྒྱུ་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བཟུང་སྟེ། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་དཔེ་ལེགས་མི་སྣས་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་ངང་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ལ་ངལ་རྩོལ་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་འདུ་ཤེས་དངོས་སུ་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་པར་འབད་རྒྱུ་ཡིན་ཟེར།

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱ་ཆེད། མཚོ་འཁྱིལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས《ཡུལ་ཚོ་ཡོངས་སུ་སྤེལ་བའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་བློ་མཐུན་ཚེ་བྷོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དུས་ཐོག་ཏུ་་འགྲེམས་སྤེལ་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཚེ་བྷོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་ཧུར་ཐག་བྱ་རྒྱུའི་སྐོར་གྱི་འབོད་སྐུལ་བྱས་པ་རེད། རང་འགུལ་ངང་ངལ་རྩོལ་དཔེ་ལེགས་ཅན་ལ་ཁ་མིག་ཡར་ལྟ་དང་། དཔེ་མཚོན་ལ་མིག་དཔེར་ལྟ་བ། མཚོ་འཁྱིལ་ཡུལ་ཚོའི2020ལོའི་ཏང་ཡོན་གཅིག་སྡུད་རེས་སྐོར་གསོ་སྦྱོང་ལས་དོན་ལ་ཇུས་འགོད་ཧུར་ཐག་བྱས་པ་དང་། བློ་མཐུན་ཚེ་བྷོ་གདན་དྲངས་ཏེ་ངལ་རྩོལ་དཔེ་ལེགས་ཅན་གྱི་གཏམ་རྒྱུད་ལས་ཞིང་འབྲོག་པའི་ཏང་ཡོན་ལ་ལས་ཀའི་ཉམས་མྱོང་དང་མྱོང་ཚོར་གླེང་བ་རེད།

གསར་འགོད་པ། ཚེ་དབང་རིག་འཛིན།