མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་གནད་སྨིན་གསོ་རིག་ཡན་ལག་སློབ་ཚོགས་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས27ཉིན། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་གནད་སྨིན་གསོ་རིག་ཡན་ལག་སློབ་ཚོགས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་གསེར་མདོག་ཚོམས་ཆེན་དུ་བཙུགས་ཤིང་།ཚོགས་འདུའི་སྟེང་སྐབས་དང་པོའི་གནད་སྨིན་སྨན་བཅོས་ཆུ་གསུམ་འགོ་ཁུངས་ཀྱི་ཚོགས་ཆེན་བསྡུས།

མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་གནད་སྨིན་གསོ་རིག་ཡན་ལག་སློབ་ཚོགས་ནི་རང་རེའི་ཞིང་ཆེན་གྱི་གནད་སྨིན་གསོ་རིག་གི་རིག་གཞུང་ཚོགས་པ་ཡིན་ཞིང་། རང་ཞིང་གི་གནད་སྨིན་གསོ་རིག་འཕེལ་རིམ་གསར་པ་ཞིག་ལ་བསླེབས་པའི་རྟགས་མཚན་ཡང་རེད། སློབ་ཚོགས་འདི་བཙུགས་རྗེས་རིག་གཞུང་བརྗེ་སྤེལ་དང་། ཞིབ་འཇུག་ཞབས་ཞུ་སོགས་སྤེལ་རྒྱུ་ཡིན་པར་མ་ཟད། གནད་སྨིན་གསོ་རིག་གི་ལས་ཀ་བ་སྐྱེད་སྲིང་དང་། གནད་སྨིན་གསོ་རིག་གི་ཤེས་བྱ་ཁྱབ་གདལ། སྲིད་གཞུང་དང་སྲིད་འཛིན་སྡེ་ཚན་གྱི་ཇུས་ཆོད་བཅས་ཕྱོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་། དེ་བཞིན་དུ་རྒྱལ་ནང་གི་གནད་སྨིན་སྨན་བཅོས་ཀྱི་སྨན་རྫས་ཐོན་སྐྱེད་དང་། སློབ་སྦྱོང་། ཚན་རིག་ཞིབ་འཇུག་བཅས་ཁྱབ་ཁོངས་སོ་སོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་ནས་གནད་སྨིན་སྨན་བཅོས་དར་སྤེལ་གཏོང་བར་མཉམ་ཞིབ་ཐོག འབྲེལ་ཡོད་ལས་རིགས་བར་ལ་སློབ་སྦྱོང་དང་། ཉམས་མྱོང་བརྗེ་སྤེལ། ཚན་ཞིབ་ཀྱི་སྟེགས་བུ་གཟུག་རྒྱུ་སོགས་ལས་ཀ་སྤེལ་རྒྱུ་ཡིན་པས་རང་རེའི་ཞིང་ཆེན་གྱི་སྨན་བཅོས་བྱ་གཞག་གེགས་མེད་བདེ་བླག་ངང་ནས་གོང་དུ་འཕེལ་བར་དགོས་ངེས་ཀྱི་ལག་རྗེས་འཇོག་ཐུབ་པ་རེད།

གནད་སྨིན་གསོ་རིག་ཡན་ལག་སློབ་ཚོགས་ཀྱིས་རང་སྟེང་གི་དགེ་མཚན་གང་ལེགས་བཏོན་ནས། རང་རེའི་ཞིང་ཆེན་གྱི་འཕྲོད་བསྟེན་བྱ་གཞག་སྤྱིའི་བཀོད་སྒྲིག་གཞིར་བཟུང་བའི་ཐོག རྒྱ་ཆེའི་ནད་པར་ཞབས་ཞུ་དང་། ཐོལ་བྱུང་རིམས་ནད་བཟློག་སེལ། ནད་གཞི་དཔྱད་བཅོས་བཅས་ཀྱི་ལག་ལེན་ཁྲོད་བྱུང་བའི་གནད་དོན་ལ་ཞིབ་འཇུག་ཟབ་མོ་དང་བསམ་གཞིགས་ཞིབ་མོ་བཏང་ནས། རང་རེའི་ཞིང་ཆེན་གྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་སྐྱེལ་བའི་རིམས་ནད་ཚབས་ཆེན་རིགས་དང་། རྒྱུན་འབྱུང་གི་ནད། རྒྱུན་མཐོང་གི་ནད། ས་གནས་རང་བཞིན་གྱི་ནད་སོགས་ལ་གྲོས་ཞིབ་གྲོས་བསྡུར་དང་ལག་རྩལ་གྱི་འགག་གནད་སེལ་རྒྱུ་དང་ཆབས་ཅིག གནད་སྨིན་གསོ་རིག་གི་འཇོན་མིའི་མཛོད་དང་ཆེད་མཁས་མཛོད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། རྩད་འདྲིའི་ཞབས་ཞུའི་གནད་འགག་སྔར་བས་གཟེངས་སུ་བཏོད་ཏེ། ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་བསྐྱེད་པ་དང་།རྩད་འདྲི་ཞབས་ཞུའི་རྒྱུ་སྤུས་སྔར་བས་ཇེ་ལེགས་སུ་བཏང་ནས་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་ཇུས་འདོན་པ་དང་ལག་རོགས་བཟང་པོ་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།