༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ ནུས་ཤུགས་ཡོད་རྒུས“འགན་སྲུང་དྲུག”དམ་འཛིན་དང“བརྟན་འཇགས་དྲུག”ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་ཅིག་དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2020〕ཨང42པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《ནུས་ཤུགས་ཡོད་རྒུས“འགན་སྲུང་དྲུག”དམ་འཛིནདང“བརྟན་འཇགས་དྲུག”ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་འགྲེམ་སྤེལ་བྱས་པ་བཞིན་དངོས་ཡོད་དང་སྦྲེལ་ནས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལས་ཐིན།

2020ལོའི་ཟླ6པའི་ཚེས9ཉིན།

ནུས་ཤུགས་ཡོད་རྒུས“འགན་སྲུང་དྲུག”དམ་འཛིན་དང“བརྟན་འཇགས་དྲུག”ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་ཁག་ཅིག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་དང་བཀོད་སྒྲིག་བཅས་ལག་ལེན་མཐར་ཕྱིན་བྱས་ཤིང་། ནུས་ཤུགས་ཡོད་རྒུས“འགན་སྲུང་དྲུག”དམ་འཛིན་དང“བརྟན་འཇགས་དྲུག”ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་ལྷིང་དང་བདེ་ཐང་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་ཆེད། སྤྱིའི་བླང་བྱ་ནི། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“བརྟན་འཇགས་དྲུག”གི་ལས་དོན་ཏན་ཏིག་ངང་ལེགས་པོར་སྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། “རང་རྟོགས་ཀྱིས་ཆབ་སྲིད་ལ་དང་དོད་དང་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་པ། དོན་འཁྱོལ་བརྟན་པོར་འཛིན་པ”བཅས་ཀྱི་བྱ་བའི་བླང་བྱ་ལྟར། རིམས་བབ་འགོག་སྡོམ་ལྷོད་གཡེང་མེད་པ་དང་ལོ་ཧྲིལ་བོའི་དམིགས་འབེན་ལ་གཡོ་འགུལ་མེད་པ། དུས་ཚིགས་བཟང་བོར་འགོར་འགྱངས་མེད་པ། འགན་འཁྲི་དོན་འཁྱོལ་ལ་རྣམ་གཡེང་མེད་པ་བཅས་དམ་པོར་བཟུང་ནས། བསམ་ཕྱོགས་དུས་ཐོག་ཏུ་གསལ་བོར་གཏོང་བ་དང་སྙོམ་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱ་དགོས་ལ། གོ་སྐབས་དང་གནས་བབ། སྟོབས་ཤུགས་བཅས་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་སོ་སོ་བཀོལ་སྤྱོད་ལེགས་པོར་བྱས་ཤིང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་དཔལ་འབྱོར་རེས་འཁོར་གེགས་མེད། དམངས་འཚོའི་མཐའ་ཐིག་སྲུང་བ། སྤྱི་ཡོངས་ཀྱི་བརྟན་བརླིང་མཐའ་འཁྱོངས་བཅས་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་ཐུབ་པར་ཁག་ཐེག་ཐུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་རྟིང་མ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་དང“ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཁྱོན་ཡོངས་ནས་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བར་ཁག་ཐེག་བྱ་དགོས། ད་ལྟ་གཤམ་གྱི་བྱེད་ཐབས་འདི་གཏན་འབེབས་བྱས་པ་སྟེ།

གཅིག སྙིང་བོ་བཟུང་ནས་སྡོད་དམངས་ཀྱི་ལས་ཞུགས་ལ་འགན་སྲུང་བྱ་དགོས།

1. མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་གཙིགས་ཆེན་བྱ་དགོས། རྒྱལ་དབང་ཁེ་ལས་ཀྱིས་གདན་ཞུའི་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་མ་བྱ་དགོས་ཤིང་། དམངས་གཉེར་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་སྲིད་ཇུས་ཀྱི་སྐུལ་ལྕགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་རྒྱུགས་བསྡུ་གདན་ཞུ་བྱེད་ཤུགས་ཆེ་རུ་གཏང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་གྱི་དོན་ལས་སྡེ་ཚན་དུ་བསྐྱོད་ནས་ལས་ཀ་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱ་དགོས་ཤིང་།“རོགས་གསུམ་སྐྱོར་གཅིག”དང“མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི”། “ནུབ་རྒྱུད་ཀྱི་འཆར་གཞི”སོགས་གཞི་རིམ་གྱི་ཞབས་ཕྱི་ལས་རྐང་དང་ལྷག་པར་དུ་གྲོང་གསེབ་ཀྱི་དགེ་རྒན་དང་གཞི་རིམ་གྱི་སྨན་པ་དང་ནད་གཡོག་སོགས་ཉེར་མཁོའི་ལས་རྐང་གི་བསྡུ་རུབ་གཞི་རྒྱ་ཇེ་ཆེར་གཏང་དགོས། སྲིད་གཞུང་གི་དངུལ་འཇོག་ལས་གཞི་དང་ཚན་རིག་ཞིབ་འཇུག་གི་ལས་གཞི། ཁེ་ལས་དང་དོན་ལས་སྡེ་ཚན་གྱིས་ལས་ཞུགས་དང་ལྟ་སྦྱོང་བྱེད་པའི་གཞི་རྒྱ་ཆེ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ལྟ་སྦྱོང་གི་ལས་རྐང་གསར་སྤེལ་བྱེད་པ་དང་། ཁ་གསབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། མཐར་ཕྱིན་སློབ་མ་དམག་ལ་ཞུགས་པའི་གཟིགས་སྐྱོང་སྲིད་ཇུས་སྔར་བས་དོན་འཁྱོལ་ལེགས་པོ་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་སྐུལ་སྤེལ་འཆར་གཞི་ལག་བསྟར་བྱས་ཏེ། ལས་ཞུགས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མི་ཁྲི3ལ་ལས་ཞུགས་མཛུབ་སྟོན་ཞབས་ཕྱི་དང་ལས་གཏོད་གསོ་སྦྱོང་བྱ་དགོས་ཤིང་། ལས་གཏོད་ཀྱི་འགྲན་སྡུར་ཆེན་པོ་མུ་མཐུད་དུ་སྤེལ་ནས། ཕུལ་བྱུང་གི་ལས་གཏོད་སློབ་ཆེན་སློབ་མ་འབུར་དུ་ཐོན་པར་སྐུལ་འདེད་གཏོང་དགོས་པར་མ་ཟད་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་ཆེན་པོ་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ས་གནས་སྲིད་གཞུང་གིས་དྲ་ཐོག་ནས་གདན་ཞུ་དང་སློབ་གྲྭའི་ཆེད་དོན་གདན་ཞུ་སོགས་ཀྱི་ལས་ཞུགས་ཞབས་ཕྱི་ཆད་པ་མེད་པར་འདོན་སྤྲོད་བྱ་དགོས། ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཏན་འཁེལ་ལྟར་མི་སྒེར་ལ་སྒོར་ཁྲི20ལས་མི་བརྒལ་བའི་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སྤྲོད་དགོས་པར་མ་ཟད་ནོར་སྲིད་ཀྱིས་སྐྱེད་ཀ་སྤྲད་དགོས། “24365སློབ་གྲྭའི་དྲ་རྒྱའི་གདན་ཞུའི་ཞབས་ཕྱི”དང་ཀྲུང་དབྱང་ཁེ་ལས་ཀྱི“རིམས་འགོག་དང་ལས་རྐང་བརྟན་པོ། ལས་ཞུགས་རྒྱ་ཆེར་གཏོང་བ”སོགས་ཀྱི་གདན་ཞུའི་བྱེད་སྒོ་ཞིབ་ཚགས་སྒོས་རྩ་འཛུགས་བྱས་ཏེ། གདན་ཞུའི་བྱེད་སྒོའི་གན་རྒྱ་འཇོག་ཚད་དང་ལས་ཞུགས་ཀྱི་ལེགས་གྲུབ་བྱུང་ཚད་ཇེ་མཐོར་བཏང་ནས། སློབ་ཆེན་སློབ་མའི་ལས་ཞུགས་ཐུབ་ཚད85%ཡན་རྒྱུན་འཁྱོངས་ཐུབ་པར་ཁག་ཐེག་བྱ་དགོས།

2. རོང་འབྲོག་ཁུལ་གྱི་ངལ་རྩོལ་པས་གན་སྤོས་ཏེ་ལས་ཀ་ཞུགས་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། རོང་འབྲོག་མང་ཚོགས་ཀྱི་ས་གནས་སྤོས་ཏེ་ལས་ཀ་ཞུགས་པར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་ནས། འགྲོ་ཡུལ་དང་ཐོན་ཡུལ་གྱི་ལས་གཉེར་མི་སྣའི་དོ་དམ་ཇེ་དྲག་ཏུ་གཏང་དགོས། གླ་རྒྱག་ཞིང་བས་ལས་ཞུགས་བྱེད་གནས་སུ་འདྲ་མཉམ་སྒོས་ལས་ཞུགས་ཀྱི་ཞབས་ཕྱི་ལོངས་སུ་སྤྱོད་པའི་སྲིད་ཇུས་ལག་བསྟར་དང་། གཞི་རིམ་གྱི་ཞབས་ཕྱིའི་རྐྱེན་སྲོལ་ལེགས་སྒྱུར་བྱས་ནས་ལོངས་སུ་སྤྱོད་དགོས་པ་མཐའ་དག་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱ་དགོས། མཚོ་སྔོན་གྱི་འཐེན་ཐུག་ཁེ་ལས་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཐེན་ཐུག་ཟ་ཁང་དུ་ཞུགས་འདོད་ཡོད་པའམ་གཉེར་འདོད་ཡོད་པའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པར་དབུལ་སྐྱོར་གྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་སྔོན་ལ་དོན་འཁྱོལ་བྱ་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲིད་སྟོན་མ་དངུལ་སྤྱད་ནས་འཐེན་ཐུག་ཟ་ཁང་གཉེར་བ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འཐེན་ཐུག་དཔལ་འབྱོར་ཁྲོད་དུ་ཧུར་ཐག་གིས་ཞུགས་པར་སྐུལ་མ་གཏང་དགོས། ཞིང་བས་ཐག་ཉེ་སར་ལས་ཞུགས་དང་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གུད་ཚབ་ལས་སྤྲོད་ཀྱི་གཞི་རྒྱ་ཆེ་རུ་བཏང་ནས་ཕ་ཡུལ་དུ་ལོག་པའི་ཞིང་བར་གླ་རྒྱག་ཐུབ་པ་དང་ཡོང་འབབ་ཡོད་པར་བྱ་དགོས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་མཛེས་པའི་གྲོང་རྡལ། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཐག་ཉེ་ས་དང་ས་ཆ་དེ་གར་གླ་རྒྱག་ཞིང་བ་ལས་ཞུགས་ཐུབ་པར་བྱ་དགོས། གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གླ་རྒྱག་ཞིང་བ་རང་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ཧུར་ཐག་གིས་སྐུལ་མ་གཏང་དགོས། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་བྱས་ཏེ། ཆ་འཕྲིན་དང་ཚན་རྩལ། ཁྲོམ་ར། ཐོན་ལས་སོགས་ཀྱི་ཐོན་ཁུངས་བསྡུ་རུབ་དང་། ཞིང་ཁྱིམ་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་ལས་ལག་རྩལ་དང་གཉེར་སྐྱོང་འདུ་ཤེས། གཉེར་སྐྱོང་རྣམ་པ་བཅས་ཕན་ནུས་ཆེ་བའི་སྒོ་ནས་རྒྱ་ཆེའི་ཞིང་ཁྱིམ་ལ་བརྒྱུད་སྤྲོད་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ལས་ཐོན་ལས་དར་རྒྱས་ཡོང་བར་རོགས་རམ་བྱ་དགོས། རོང་འབྲོག་མང་ཚོགས་ཀྱི་ལས་གཏོད་སྣེ་ཁྲིད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཕ་ཡུལ་དུ་ལོག་ནས་ལས་གཏོད་མཁན་དང་ངལ་ལས་བར་ཁེ་བར་བྱ་དགའ་དང་ཁ་གསབ་སྤྲད་དེ། མཉམ་ལས་ཁང་དང་ཁེ་ལས་ཆུང་འབྲིང་འཛུགས་པར་རྒྱབ་སྐྱོར་བྱ་དགོས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105ཡན་གྱིས་གནས་སྤོས་ཏེ་ལས་ཀ་ཞུགས་ཐུབ་པར་ཁག་ཐེག་བྱ་དགོས།

3. ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣར་ཞབས་སྐྱོར་རོགས་རམ་བྱ་དགོས། གྲོང་རྡལ་གྱི་ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣར་དམིགས་ནས། རིམས་ནད་དུག་སེལ་དང་ཁོར་ཡུག་གཙང་སྦྲ་སོགས་གནས་སྐབས་ཀྱི་སྤྱི་ཕན་ལས་རྐང་ཁག་ཅིག་བཙུགས་ཏེ། ཟླ6ལས་མི་བརྒལ་བའི་ཁ་གསབ་དུས་བཀག་ལྟར་ལས་རྐང་གི་ཁ་གསབ་དང་སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་ཁ་གསབ་སྤྲོད་དགོས། “ཆ་འཕྲིན་དྲ་བ་གཅིག་དང་རོགས་སྐྱོར་རྩིས་ཐོ་གཅིག ཞབས་ཕྱི་རྒྱུད་གཅིག”བཅས་ཀྱི་རོགས་སྐྱོར་བྱེད་སྟངས་ལག་བསྟར་བྱས་ཏེ། “ལས་ཞུགས་མེད་པའི་ཁྱིམ་ཚང”དུ་མ་མཐར་ཡང་མི་གཅིག་ལས་ཞུགས་པར་འཇུག་པ་མ་ཟད་འགུལ་རྣམ་ལྟར་གཙང་སེལ་བྱེད་པར་ཁག་ཐེག་བྱ་དགོས། ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་སྲིད་འཛིན་སྡེ་བར་ཞིང་སྡེའི་སྤྱི་པའི་ཞབས་ཕྱི་རིགས་ཀྱི་ལས་རྐང5-10སྒྲིག་བཙུགས་བྱས་ཏེ་ཞབས་སྐྱོར་བཀོད་སྒྲིག་བྱ་དགོས། ཡོང་སྒོ་ཉུང་བའི་མི་སྣར་སྤྱི་ཚོགས་ཉེན་འགོག་འགལ་བཅོལ་གྱི་རིན་རང་འདོད་ཀྱིས་ཕྱིར་འགྱངས་བྱས་ཏེ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལས་ཞུགས་ལ་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་རིན་བསྡུ་བ་ཡོངས་སུ་མེད་པར་བཟོ་དགོས།

4. ཟུར་ཐོན་དམག་མིའི་ལས་ཞུགས་ལ་འགན་སྲུང་ལེགས་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་ཐོན་ལས་གླིང་ཁུལ། ཞབས་ཕྱིའི་ལས་རིགས་བཅས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ཟུར་ཐོན་དམག་མི་རིམས་བབ་འགོག་སྡོམ་ལ་ཉེ་བར་མཁོ་བ་དང་སྤྱི་པའི་ལས་དོན་འཁོར་སྐྱོད་ལ་ཉེ་བར་མཁོ་བ། མང་ཚོགས་ཀྱི་འཚོ་བ་ལ་ཉེ་བར་མཁོ་བ། རྒྱལ་ཇུས་དམངས་འཚོ་ལ་ཉེ་བར་མཁོ་བ་བཅས་ཀྱི་ལས་རིགས་དཀོན་པོའི་ཁེ་ལས་སུ་ལས་ཀ་ཞུགས་པར་ཁྲིད་སྟོན་བྱ་དགོས། གཞི་རིམ་གྱི་སྨན་བཅོས་དང་སྤྱི་ཚོགས་ཞབས་ཕྱི་སོགས་ལས་རྐང་དུ་ཟུར་ཐོན་དམག་མི་བསྡུ་སྐོང་བྱེད་པའི་བསྡུར་ཚད་ཇེ་མང་དུ་གཏང་དགོས། ཟུར་ཐོན་དམག་མིར་བབ་བསྟུན་གྱིས་གསོ་སྦྱོང་དང་ལས་རིགས་ལག་རྩལ་ཐད་ནས་གསོ་སྦྱོང་བྱེད་པ་དེ་ལས་རིགས་ལག་རྩལ་གསོ་སྦྱོང་མཐོར་འདེགས་ཀྱི་འཆར་གཞི་ནང་བསྡུ་ལེན་བྱས་ཏེ། གསར་དུ་ཟུར་ཐོན་བྱུང་ཞིང་རང་བདག་གིས་ལས་ཀ་ཞུགས་པའི་དམག་མིར་བབ་བསྟུན་གྱི་གསོ་སྦྱོང་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་གཏང་དགོས་ལ། རྩལ་ནུས་གསོ་སྦྱོང་ལ་ཞུགས་པར་རེ་འདུན་ཡོད་མཁན་ལ་ཡོངས་ཁྱབ་ཏུ་གསོ་སྦྱོང་བྱ་དགོས། ཟུར་ཐོན་དམག་མི་གཞི་རིམ་གྱི་རིམས་བབ་འགོག་སྡོམ་གྱི་དུས་རིམ་རང་བཞིན་གྱི་བྱ་བར་ཞུགས་པར་སྐུལ་མ་གཏང་དགོས། ལས་ཞུགས་ཀྱི་རེ་འདུན་ཡོད་པའི་ཟུར་ཐོན་དམག་མིར་འོས་འཚམ་ངང་བཀོད་སྒྲིག་བྱེད་པར་ཁག་ཐེག་བྱ་དགོས།

5. ལས་ཞུགས་ཞབས་ཕྱིའི“སྐྱེལ་བ་བཞིའི”བྱ་འགུལ་ལེགས་པོར་བཟུང་དགོས། རང་འགུལ་ངང་སྲིད་ཇུས་བསྐྱལ་ཐོག་སྤྱི་ཚོགས་དང་ཁེ་ལས། གཙོ་གནད་མི་ཚོགས་བཅས་ལ་ཁ་གཏད་ནས་ལས་ཞུགས་བརྟན་པོའི་སྲིད་ཇུས་ཁག་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ་དང་། སྲིད་དོན་ཞབས་ཕྱི་དང་དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་འགན་སྲུང་གི་མི་བཀོལ་སོགས་ལས་རྐང་བརྟན་པོའི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། ལོངས་སུ་སྤྱོད་དགོས་པ་མཐའ་དག་གང་མགྱོགས་ངང་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱ་དགོས། ལས་རྐང་ཧུར་ཐག་གིས་བསྐྱལ་ཐོག“ཉིན་བརྒྱའི་དྲ་རྒྱ་བྱེ་བ་གཅིག་གི་གདན་ཞུའི་ཆེད་དོན་འགུལ་སྐྱོད”སོགས་དྲ་ཐོག་གི་གདན་ཞུའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱི་དང་ལས་རིགས་མཚམས་སྦྱོར་སོགས་ལས་ཁུངས་ལ་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ནས། མི་བཀོལ་སྡེ་ཚན་ལ་ཟབ་ཞུགས་བྱས་ནས་མི་བཀོལ་དགོས་མཁོ་ལ་རྒྱུས་ལོན་བྱས་ཏེ། ལས་རྐང་གི་ཆ་འཕྲིན་གནད་འཁེལ་ངང་བསྐྱལ་ནས་མི་དང་ལས་རྐང་གཉིས་གནད་དུ་འཁེལ་བའི་ངང་སྒྲིག་སྦྱོར་བྱེད་པར་སྐུལ་སྤེལ་དང་། ངལ་རྩོལ་པའི་ལས་འདོད་ཀྱི་རེ་ཞུ་འགྲུབ་ཚད་མཐོར་འདེགས་གཏང་དགོས། ཁ་གསབ་རོགས་དངུལ་མུ་མཐུད་དུ་བསྐྱལ་ཐོག་ལས་མི་ཉུང་འཕྲི་མི་བྱེད་པའམ་ཉུང་འཕྲི་ཉུང་ཙམ་བྱེད་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ། ལས་ཤོར་འགན་སྲུང་གྲོན་དངུལ་ཕྱིར་སློག་བྱེད་པའི་ཚད་གཞི་དེ100%ལ་མཐོ་རུ་བཏང་ནས། ལས་ཞུགས་མི་སྣ་ལས་ཤོར་མི་བྱེད་པར་ཤུགས་ཆེན་པོས་འགན་སྲུང་བྱ་དགོས། ཚན་རིག་དང་མཐུན་པའི་ངང་གསོ་སྦྱོང་བསྐྱལ་ཐོག་གསོ་སྦྱོང་གིས་ལས་རྐང་བརྟན་འཇགས་བྱེད་པར་རོགས་དངུལ་སྤྲོད་པ་དང་། སྤྱི་པའི་ལས་རིགས་ལག་རྩལ་དངོས་སྦྱོང་གི་རྟེན་གཞི་འཛུགས་སྐྲུན་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ། ལས་རིགས་ལག་རྩལ་གསོ་སྦྱོང་རྨང་གཞིའི་ལས་སྟེགས་མཉམ་སྤྱོད་མཉམ་སྐྲུན་གྱི་ཤུགས་ཚད་ཆེ་རུ་གཏང་དགོས། ལས་ཤོར་མི་སྣ་དང་གླ་རྒྱག་ཞིང་བ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་བཏང་ནས། ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་རིགས་མི་འདྲ་བ་མི་ཐེངས་ཁྲི10ལྷག་སྤེལ་བ་དང་། གཙོ་གནད་ཐོན་ལས་ཀྱི་ལས་རིགས་གསོ་སྦྱོང་གི་དགོས་མཁོ་དང་ལས་རིགས་ཐོབ་ཐང་། ལས་རིགས་རྩལ་ནུས་ཀྱི་རིམ་པའི་དཔྱད་འབེབས་མཛུབ་སྟོན་དཀར་ཆག་དུས་གཏན་སྒོས་ཁྱབ་བསྒྲགས་བྱ་དགོས། ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་ཞབས་ཕྱི་ལེགས་སྒྱུར་བྱས་པ་བརྒྱུད་དེ། ལོ་ཧྲིལ་བོར་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི6གི་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས།

གཉིས། སེམས་པ་དམངས་ལ་སྦྲེལ་ནས་གཞི་རྩའི་དམངས་འཚོ་འགན་སྲུང་བྱ་དགོས།

6. རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་སྡོམ་བྱ་བ་དམ་འཛིན་དང་ནན་འཛིན་དང་ཞིབ་འཛིན་བྱ་དགོས། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། གནད་འཁེལ་ནུས་ལྡན་ངང་ཕྱི་ནས་ནང་དུ་ཁྱབ་པ་དང་ནང་ནས་མཆེད་པར་སྔོན་འགོག་བྱེད་ཅིང་། རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མི་སྣ་མཚོ་སྔོན་དུ་ཐོན་པ་དང་མཚོ་སྔོན་གྱི་མི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་དམངས་ཀྱི་ཆ་འཕྲིན་འགུལ་རྣམ་གནད་འཁེལ་དུ་རྒྱུས་ལོན་བྱས་ཏེ། ལོགས་བཀར་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས་ལ། གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ། རིམས་བབ་ནང་འདྲེན་རང་བཞིན་གྱི་ཕྱིར་ལྡོག་འགོག་སྲུང་ནན་མོ་བྱ་དགོས། ཁེ་ལས་དང་སློབ་གྲྭ། དགོན་པ། བཙོན་ཁང་སོགས་ཀྱི་མི་ཚོགས་གཅིག་འདུས་བྱེད་ས་དང་ཚོང་ཁང་། གསོལ་ཁང་། མགྲོན་ཁང་སོགས་མི་གྲངས་ཚོགས་འདུས་བྱེད་སའི་རིམས་བབ་འགོག་སྡོམ་དོ་དམ་བྱ་བ་ནན་འཛིན་དང་ཞིབ་འཛིན་བྱས་ཏེ། ཚོགས་འདུས་རང་བཞིན་གྱིས་རེད་པར་ནན་འགོག་བྱ་དགོས་ལ། རིམས་བབ་ལྟ་ཞིབ་ཚད་ལེན་དང་རིམས་བབ་འགོག་སྡོམ། འཚུབ་ཟློག་ཐག་གཅོད་བཅས་ཀྱི“འགག་གསུམ་འགོག་ཐིག”བརྟན་སྲུང་བྱས་ཏེ། ཉེན་ཁ་ཆུང་བའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ཤུགས་ཆེན་པོས་ལེགས་པོར་བསྒྲུབ་དགོས། “བདེ་ཐང་ཡིད་རྟོན་ཨང་རིས”ཁྱོན་ཡོངས་ནས་ཁྱབ་སྤེལ་དུ་བཏང་ནས། ཞིང་ཆེན་ནང་ཁུལ་དུ“བདེ་ཐང་ཡིད་རྟོན་ཨང་རིས”ཀྱི་ལྗང་རིས་ཡོད་པའི་སྡོད་དམངས་དང་རིགས་སོ་སོའི་ཞབས་ཕྱི་མི་སྣས་ཨང་རིས་བསྟན་ནས་འགྲོ་ཆོག་པ་དང་ཨང་རིས་བསྟན་ནས་འཛད་སྤྱོད་བྱེད་ཆོག་ལ། མི་སྣ་གོ་རིམ་ལྡན་ཞིང་བདེ་བླག་ངང་འགྲོ་སྐྱོད་ཡོང་བ་དང་འཛད་སྤྱོད་བསྐྱར་གསོ་བྱེད་པར་ཁག་ཐེག་བྱ་དགོས། འགོས་ནད་ཐད་གཏོང་དང་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་ནས། རིམས་བབ་ཆ་འཕྲིན་དུས་ཐོག་ཏུ་ཕྱི་གསལ་ནང་གསལ་ངང་ཁྱབ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རིམས་བབ་སྲོག་སྐྱོབ་མ་ལག་གལ་ཆེན་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། དབྱེ་བ་དགར་བ་དང་རིམ་པ་དབྱེ་བ། ཁག་བགོས་བཅས་ཀྱི་འགོས་ནད་སོགས་རིམས་བབ་སྲོག་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་སྐྲུན་བྱས་ཏེ། སྒྲུབ་ཕྱོགས་དང་པོའི་ནད་ཐོག་ལག་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་དང་ནུས་ལྡན་གྱི་སྲོག་སྐྱོབ་འཆར་གཞི་དུས་ཐོག་ཏུ་ཁྱབ་བརྡལ་དུ་གཏང་དགོས། རིམས་འགོག་གི་དམིགས་བསལ་རྒྱལ་བུན་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། འགོག་སྨན་དང་སྨན་རྫས། མགྱོགས་མྱུར་ངང་ཞིབ་བཤེར་བྱེད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བཅས་ཀྱི་གཏོང་སྒོ་ཆེ་རུ་གཏོང་བ་དང་། རིམས་འགོག་སྲོག་སྐྱོབ་ཀྱི་སྨན་བཅོས་སྒྲིག་བཀོད་ཇེ་མང་དུ་གཏོང་བ། སྤོ་འགུལ་ཚོད་ལྟ་ཁང་ཇེ་མང་དུ་གཏོང་བ། འཚུབ་ཟློག་གི་རྒྱུ་དངོས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་གཞི་རིམ་གྱི་འཕྲོད་བསྟེན་རིམས་འགོག་ཇེ་དྲག་ཏུ་གཏང་དགོས། གཞི་རྩའི་སྨན་བཅོས་ཀྱི་ཞབས་ཕྱི་ཆུ་ཚད་ཇེ་མཐོར་བཏང་ནས། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་ཚད་གཞི་སྒོར30ཇེ་མང་དུ་གཏོང་བ་དང་། སྒོ་བསྟེན་རིན་དངུལ་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་སྡོམ་རྩིས་རྒྱག་པའི་ཚོད་ལྟའི་བྱ་བ་སྤེལ་དགོས།

7. དབུལ་སྒྲོལ་འགག་གཏོར་གྱི“ཞན་གསབ་གནད་འཚོལ”ཆེད་དོན་ལས་འགུལ་ཏན་ཏིག་གིས་སྤེལ་དགོས། ལས་བྱེད་པ་ཁྲི་ཕྲག་གྲོང་གསེབ་ཏུ་སོང་ནས“བརྩོན་ཤུགས་བསྐྱེད་པ། དབུལ་སྒྲོལ་བརྟན་པོ། འབྱོར་འབྲིང་བསུ་བ”བཅས་ཀྱི་བྱ་འགུལ་སྤེལ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱས་ཏེ། ད་ཡོད་ཀྱི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏང་དགོས། དབུལ་བོར་བསྐྱར་ལོག་པའི་མི་གྲངས་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དང་ལག་བསྟར་ལེགས་པོ་བྱེད་པ་དང་། དབུལ་སྒྲོལ་དང་གྲོང་གསེབ་དར་སྤེལ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་དབུལ་སྒྲོལ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་བྱ་དགོས། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས། དབུལ་བོར་ཕྱིར་ལོག་པར་ལྟ་ཞིབ་ཚད་ལེན། དབུལ་སྒྲོལ་འགག་གཏོར་ལ་ཆེད་དོན་སྐོར་ཞིབ་བྱེད་པའི་ཁྲོད་གསར་རྙེད་བྱས་པའི་གནད་དོ་ཕྱོགས་བསྡུས་དག་ཐེར་ལེགས་བཅོས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་འཛིན་བྱེད་པ་དང་། ཡུལ་གཞན་དུ་སྤོས་པའི་དབུལ་སྐྱོར་རྗེས་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ཇེ་དྲག་ཏུ་བཏང་ནས། འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས། ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་དང་འདེབས་འཛུགས། གསོ་སྤེལ། ཞིང་ཞོར་ཐོན་རྫས་ལས་སྣོན་གཏིང་ཟབ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་གཏད་བྱས་ཏེ། ཐུན་མོང་དཔལ་འབྱོར་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ་དང་ཐུན་མོང་དཔལ་འབྱོར་གྱི་ཚོང་རྟགས་བསྐྲུན་པ། ཁྲོམ་རའི་འགྲན་ཤུགས་ཇེ་མཐོར་བཏང་ནས། ལོ་འཁོར་ནང་དུ་སྡེ་བའི་ཐུན་མོང་དཔལ་འབྱོར“སྟོང་ཆ་གསབ་པ”ཡོངས་སུ་ཁྱབ་པར་མངོན་འགྱུར་བྱ་དགོས། དེང་རབས་ཞིང་ལས་སྒྲིག་བཀོད་དང་འཐུང་ཆུའི་བདེ་འཇགས་ལས་གྲྭ། མི་སྡོད་ཁོར་ཡུག་བཅོས་སྐྱོང་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་བའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་དུ་ལེགས་སྒྱུར་གཏང་དགོས། བདེ་ཐང་དབུལ་སྐྱོར་གྱི“ཁག་གཅིག་གསུམ”གྱི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། ནད་ཆེན་རིགས30ཡི་སྐྱོབ་བཅོས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་གསར་སྣོན་ནད་རིགས་ཀྱི་སྐྱོབ་བཅོས་ལེགས་པོར་བསྒྲུབས་ནས། དབུལ་ཕོངས་མི་གྲངས་ཀྱི་ནད་ཆེན་སྐྱོབ་བཅོས་ཚད100%ལ་བསླེབ་དགོས།

8.ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དངོས་གནས་འགན་སྲུང་བྱ་དགོས། གནད་འཁེལ་རོགས་སྐྱོབ་དང་འགན་ལེན་བྱེད་དགོས་པ་མཐའ་དག་འགན་སྲུང་བྱེད་པ། རོགས་སྐྱོབ་བྱེད་དགོས་པ་མཐའ་དག་རོགས་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མ་མཐའི་འཚོ་བའི་འགན་ལེན་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འགན་ལེན་བྱེད་དགོས་པ་མཐའ་དག་འགན་སྲུང་བྱེད་ཅིང་། ཆ་རྐྱེན་དང་མཐུན་པའི་གྲོང་རྡལ་གྱི་ལས་ཤོར་མཁན་དང་ཕ་ཡུལ་དུ་ཕྱིར་ལོག་མཁན་དུས་ཐོག་ཏུ་མ་མཐའི་འཚོ་བའི་འགན་ལེན་ནང་དུ་ལེན་པ་དང་། གནོད་འཚེ་དང་ནད་ཀྱི་དབང་གིས་གནས་སྐབས་སུ་དཀའ་ཁག་ཡོད་པའི་མི་སྣའི་རོགས་སྐྱོབ་ལག་བསྟར་གང་ལེགས་བྱས་ནས། “ཁྱིམ་ཚང་གཅིག་མི་ལུས་པ་དང་མི་གཅིག་ཀྱང་མི་ལྷག་པ”ཐུབ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་དབུལ་ཕོངས་ཁྱིམ་ཚང་ངོས་འཛིན་བྱེད་ཐབས》བཏོན་ནས། ཡོང་འབབ་དམའ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་ངོས་འཛིན་གྱི་ཚད་གཞི་དུས་ཐོག་ཏུ་སྙོམ་སྒྲིག་དང་འཐུས་ཚང་དུ་བཏང་ནས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། 《གཏོང་སྒོ་རྣམ་པའི་དབུལ་ཕོངས་ཁྱིམ་ཚང་གསལ་འབྱེད་གཏན་འབེབས་བྱེད་ཐབས》བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས། གཏོང་སྒོ་རྣམ་པའི་དབུལ་ཕོངས་བྱ་ཡུལ་གྱི་གཞི་རྩའི་འཚོ་གནསཁེ་དབང་ལ་དངོས་གནས་འགན་སྲུང་བྱ་དགོས། དབུལ་ཕོངས་ཀྱི་མཐའ་ན་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཡིག་ཚགས་དང་བྱང་བུ་བཙུགས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་རོགས་སྐྱོར་སྲིད་ཇུས་ལ་ཟུར་ལྟ་བྱས་ཏེ། “སྲིད་གཞུང+ཁེ་ལས+དབུལ་ཕོངས་ཀྱི་མཐའ་ན་ཡོད་པའི་ཁྱིམ་ཚང”དང“ཁེ་ལས+དབུལ་ཕོངས་ཀྱི་མཐའ་ན་ཡོད་པའི་ཁྱིམ་ཚང”། “མཉམ་ལས་ཁང+དབུལ་ཕོངས་ཀྱི་མཐའ་ན་ཡོད་པའི་ཁྱིམ་ཚང”སོགས་ཀྱི་རྣམ་པ་སྤྱད་དེ། ཁྱིམ་བལྟོས་ཇུས་བསྟར་དང་གནད་འཁེལ་ཤུགས་འདོན་བྱས་ཏེ། དབུལ་ཕོངས་ཀྱི་མཐའ་ན་ཡོད་པའི་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་འགྲོ་བར་དངོས་གནས་རོགས་སྐྱོར་བྱ་དགོས།

9.དམངས་འཚོའི་དོན་དངོས་ལས་གྲྭ་མུ་མཐུད་དུ་ལེགས་པོར་བཟུང་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ། ལྟ་སྐུལ་མཛུབ་ཁྲིད་ནན་མོ་བྱས་ཏེ། ལས་འཁྱུར་ངལ་གསོ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་མང་དུ་གཏོང་བ་དང་ལས་ཤོར་འགན་སྲུང་གི་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་དམངས་འཚོའི་སྲིད་ཇུས་ཁག་རྩ་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་བྱས་ཏེ། 《སྲིད་གཞུང་བྱ་བའི་སྙན་ཞུ》ལས་ཁས་ལེན་བྱས་ཡོད་པའི་རིགས10ཡི་དོན་ཚན41གི་དམངས་འཚོའི་དོན་དངོས་ལས་གྲྭ་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། ཁྱོན་ཡོངས་ནས་སྲིད་གཞུང་གི་ཁས་ལེན་ལག་བསྟར་བྱ་དགོས།

10.འདོན་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བར་བྱེད་པའི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས། དྲོད་ཁང་དང་སྤྱིལ་བུའི་འདོན་སྤྲོད་ནུས་ཤུགས་མཐོར་འདེགས་བཏང་ནས། སྔོ་ཚོད་ཀྱི་ཐོན་ཚད་ཏུན་ཁྲི150རུ་བསླེབ་པར་བརྩོན་ལེན་བྱ་དགོས། ཕག་སླར་ཡང་གསོ་བའི་རོགས་སྐྱོར་སྲིད་ཇུས་བྱེད་པ་དོན་འཁྱོལ་བྱས་ཏེ། མོ་ཕག་གི་འགན་སྲུང་དངུལ་གྲངས་ཕག་རེའི་སྒོར1000དེ་ཕག་རེར་སྒོར1500ལ་སྙོམ་སྒྲིག་བྱས་ནས། བཤའ་ཕག་ཁྲི100རུ་བསླེབ་པར་བརྩོན་ལེན་བྱེད་པ་དང་རང་ཁ་རང་གསོ་བྱེད་ཚད65%ཡས་མས་སུ་བརྟན་འཇགས་ཡོང་བར་བྱ་དགོས། འཁྱགས་གསོག་ཕག་ཤ་ཏུན1700ཁ་གསབ་འདང་ངེས་བྱས་ཏེ། གཙོ་གནད་དུས་མཚམས་སུ་ཕྱིར་གཏོང་བྱ་དགོས། ནོར་ལུག་བཤས་གཏོང་ཚད་མགྱོགས་སུ་གཏོང་བ་དང་། ཕྱུགས་ཟོག་གི་ཐོན་རྫས་ལས་སྣོན་ནུས་ཤུགས་ཇེ་མཐོར་བཏང་ནས། ནོར་ལུག་གི་ཤ་ཐོན་ཚད་ཏུན་ཁྲི30ཡན་དུ་བསླེབ་པར་བྱས་ཏེ་ནོར་ལུག་གི་ཤའི་འདོན་སྤྲོད་ཚད་ཇེ་མང་དུ་གཏང་དགོས། རིན་གོང་ཁ་གསབ་ཀྱི་མཉམ་འགུལ་རྐྱེན་སྲོལ་ལག་བསྟར་ལེགས་པོ་བྱས་ནས་མི་ཚོགས་ཀྱི་ཁེབས་ཚད་རྒྱ་བསྐྱེད་གཏོང་བ་དང་། ཟླ3-6པའི་བར་གྱི་རིན་གོང་གི་ཁ་གསབ་ལྡབ་མང་དུ་བཏང་ནས། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་མི་ཐེབས་པར་ཁག་ཐེག་བྱ་དགོས། རིན་གོང་ལྟ་བཤེར་དང་ཁྲོམ་རར་ལྟ་སྐུལ་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། རིན་གོང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། སྡོད་དམངས་ཀྱི་ལོ་སྟོད་ཀྱི་འཛད་སྤྱོད་དངོས་པོའི་རིན་གོང་འཕར་ཚད3.5%ཡས་མས་ནང་ཚོད་འཛིན་ཐུབ་པར་ཁག་ཐེག་བྱ་དགོས།

11. སྡོད་ཁང་འགན་སྲུང་ལེགས་པོར་འཛིན་པ་རྒྱུན་འཁྱོངས་བྱ་དགོས། གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་ཁྲི1.13བསྒྱུར་བཀོད་དང་སྡོད་ཁུལ་རྙིང་པ་ཁྲི་5ཕྱོགས་བསྡུས་བསྒྱུར་བཀོད། རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཁྲི3ལ་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བཅས་བྱེད་ཅིང་། སྡོད་ཁུལ་རྙིང་པར་གློག་རྐས་སྒྲིག་སྣོན་བྱེད་པར་རྒྱབ་སྐྱོར་བྱ་དགོས། འགན་སྲུང་ཁང་པ་བགོ་བཤའ་དོ་དམ་ཇེ་དྲག་ཏུ་བཏང་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་མཐའ་སྐྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་དུ། གསར་དུ་ལས་ཞུགས་བྱས་ནས་སྡོད་ཁང་མེད་པའི་ལས་བཟོ་བ་དང་ཕྱི་ཡོང་གི་ལས་གཉེར་མི་སྣ་སོགས་གྲོང་མི་གསར་བའི་ཁྱུ་ཚོགས་ཀྱི་སྡོད་ཁང་འགན་སྲུང་ཤུགས་ཚད་ཆེ་རུ་གཏང་དགོས། གཞིས་ལས་ཁེ་ལས་ཀྱི་ཐོབ་ཐང་འགུལ་རྣམ་དོ་དམ་དང་སྡེ་ཁུལ་གྱི་དཔྱད་འཇོག་རྐྱེན་སྲོལ་བཙུགས་ནས། སྡོད་ཁུལ་རྙིང་བའི་གཞིས་ལས་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་དང་། གཞིས་ལས་ཀྱི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་བཏང་ནས་མང་ཚོགས་ཀྱི་གནས་སྡོད་སྐྱིད་པོ་ཡོང་བར་བྱ་དགོས། རྫོང་ཁོངས་ཀྱི་ཁང་སའི་ཐོན་ལས་གསར་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། རྫོང་མཁར་གྱི་སྤྱི་པའི་སྒྲིག་ཆས་དང་ཞབས་ཕྱིའི་ནུས་ཤུགས་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། ཉིན་རེར་འཕར་བའི་ཞིང་བ་རྫོང་མཁར་དུ་ཡོང་ནས་ལས་ཀར་ཞུགས་པ་དང་ཁྱིམ་གཞི་བཅའ་བའི་དགོས་མཁོ་དང་འཚམ་པར་བྱ་དགོས།

གསུམ། སྤྱི་ཡོངས་ནས་ཤུགས་བཏོན་ཏེ་ཁྲོམ་རའི་བྱེད་པོར་འགན་སྲུང་བྱ་དགོས།

12.དམིགས་སའི་གནད་འཁེལ་རོགས་སྐྱོར་མུ་མཐུད་དུ་སྤེལ་དགོས། དུས་མཚམས་རང་བཞིན་གྱི་སྲིད་ཇུས་དང་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཟུང་འབྲེལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཆུ་བཏང་ནས་ཉ་གསོ་བ་བཞིན་དངོས་སུ་བཏོན་ཟིན་པའི་ཁེ་ལས་ལ་ཕན་བདེ་ཡོད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ལོ་ཧྲིལ་བོར་ཁེ་ལས་ཀྱི་གསར་འཕར་ཁུར་བོ་སྒོར་དུས་ཕྱུར30ཡན་ཇེ་ཡང་དུ་གཏོང་བར་བརྩོན་ལེན་བྱ་དགོས། ས་ཁུལ་སོ་སོས་ཐོན་ལས་བགོས་ནས་བྱ་བའི་ཆེད་ཁག་བཙུགས་ནས། “ཡན་བཞི”ཁེ་ལས་ལ“ཁེ་གཅིག་ཇུས་གཅིག”ལག་བསྟར་བྱེད་པ་དང་དཀའ་ཁག་ཡོད་པའི་གནད་དོན་ཐག་གཅོད་པར་རོགས་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་བཏང་ནས། ཐོན་ཚད་དང་གྲུབ་འབྲས་གང་མགྱོགས་སྒོས་མངོན་འགྱུར་བྱས་ཏེ་གཙོ་གནད་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་ཤུགས་མཐོར་འདེགས་གཏང་དགོས། དུས་ཚིགས་རང་བཞིན་ནང་ལས་མཚམས་བཞག་པའི་ཁེ་ལས་དང་དུས་རིང་པོར་ལས་མཚམས་བཞག་པའི་ཁེ་ལས། ལག་རྩལ་བསྒྱུར་བཀོད་ལས་ལས་མཚམས་བཞག་པའི་ཁེ་ལས་བཅས་སྔ་མོ་ནས་ཐོན་སྐྱེད་སླར་གསོ་བྱེད་པར་མཛུབ་སྟོན་རོགས་རམ་བྱ་དགོས། ལོ་འཁོར་ནང་དུ་གཞི་ཁྱོན་ཡན་དུ་ཐོན་པའི་ཁེ་ལས40དང་བཅད་གྲངས་ཡན་དུ་ཐོན་པའི་ཉོ་ཚོང་ཁེ་ལས60གསོ་སྐྱོང་བྱེད་པར་བརྩོན་ལེན་བྱ་དགོས། “ལས་གཅིག་ཇུས་གཅིག”དང“ལས་གཅིག་ཇུས་མང”སྤྱད་དེ། ནོར་ཁྲལ་དང་དངུལ་རྩ། ཁང་ས་ཐོན་ལས་སོགས་ཀྱི་མཉམ་ཤུགས་བཏོན་ནས། ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲལ་འཇལ་དགོས་པ་མཐའ་དག་སང་ལོའི་བར་དུ་ཕྱིར་འགྱངས་བྱ་དགོས་ལ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་བུན་མ་སྐྱེད་འགྱངས་སྤྲོད་ཀྱི་སྲིད་ཇུས་དེ་སང་ལོའི་ཟླ3པའི་ཟླ་མཇུག་གི་བར་དུ་མུ་མཐུད་དུ་ཕྱིར་འགྱངས་བྱས་ནས། གཟིགས་སྐྱོང་རང་བཞིན་གྱི་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་ཕྱིར་འགྱངས་ཐུབ་པ་མཐའ་དག་ཕྱིར་འགྱངས་པ་དང་། དམངས་གཉེར་དང་ཁེ་ལས་ཆུང་འབྲིང་གྲས་ཀྱི་དངུལ་བུན་ཆད་པ་གཙང་སེལ་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་སྟེ། “ཆུང་སྐྱོབ”ཀྱི་དམིགས་འབེན་དངོས་གནས་དོན་འཁྱོལ་བྱ་དགོས། ཁྲོམ་ར་བྱེད་པོ་སོ་སོའི་ལོ་གཅིག་གི་གསོན་ཚད90%ཡན་དུ་བསླེབ་དགོས། དྲ་ཐོག་དྲ་འོག་མཉམ་འདྲེས་གཉེར་སྐྱོང་ལ་སྐུལ་མ་བཏང་ནས། སིལ་འཚོང་སྡེབ་འཚོང་དང་ཞག་སྡོད་བཟའ་བཏུང་སོགས་རིམས་བབ་ཀྱིས་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པ་དང་དཔལ་འབྱོར་འཁོར་སྐྱོད་ཁྲོད་གནད་འགག་གི་བྱེད་ནུས་ཐོན་པའི་ལས་རིགས་སླར་གསོ་དང་གོང་འཕེལ་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། རྡོ་སྣུམ་གྱི་གྲུབ་རྫས་རིགས་ཚོང་གཉེར་བྱེད་པའི་ཁེ་ལས་ཀྱིས་རྡོ་སྣུམ་གྲུབ་མ་གྲུབ་གཉིས་ཕན་ཚུན་སྐུལ་སྤེལ་དང་ཐད་འཚོངAPPསོགས་ཚོང་གཉེར་སྲིད་ཇུས་གང་མང་དོན་འཁྱོལ་ལེགས་པོ་བྱ་དགོས། རླངས་འཁོར་རྙིང་བ་དེ་ནུས་ཁུངས་གསར་བའི་རླངས་འཁོར་ལ་བརྗེ་གསོ་བྱེད་པའི་གཟིགས་སྐྱོང་དང་ཁ་གསབ་ཤུགས་ཚད་ཆེ་རུ་གཏོང་བ་དང་། རླངས་འཁོར་ཉོ་བའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏང་དགོས། ཞིང་བཀོལ་འཕྲུལ་ཆས་བེད་མེད་ཀྱི་ཁ་གསབ་རོགས་དངུལ་དེ་ཁྱིམ་ཚང་གིས་རླངས་འཁོར་ཉོ་བར་བཀོལ་ནས་རླངས་འཁོར་ཕྱིར་འཚོང་ཁེ་ལས་ཀྱི་ཕན་འབྲས་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏང་དགོས། ལས་སྟེགས་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་མ་བཏང་ནས། མིང་གྲགས་ཆེ་བའི་གློག་ཚོང་ལས་སྟེགས་ནང་འདྲེན་བྱས་ཏེ་སྤྱི་ཁྱབ་དཔལ་འབྱོར་ནང་འདྲེན་བྱས་ནས་གསོ་སྐྱོང་བྱ་དགོས།

13. དམངས་ལ་གཟིགས་སྐྱོང་དང་ཁེ་ལས་ལ་ཕན་པའི་བདེ་ཐང་གི་འཛད་སྤྱོད་གཅིག་སྡུད་ཀྱིས་ལག་བསྟར་བྱ་དགོས། དངུལ་རྩའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང17དང་གྲོང་རྡལ་དངུལ་ཁང5ཡིས་སྒོར་དུང་ཕྱུར3ཡན་གྱི་མ་དངུལ་བཏང་ནས། ཁྲོམ་རའི་བྱེད་པོར་དངུལ་བུན་གྱི་ཁེ་དོར་སྐྱེད་འཕྲི་དང་མང་ཚོགས་ལ་འཛད་སྤྱོད་ཀྱི་ཁེ་ཕན་སྟེར་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཁག་གིས་སོ་སོའི་ཁྱད་ཆོས་ལེགས་ཆ་དང་སྐུ་མགྲོན་ཚོགས་པ་ལྟར་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱས་ནས་འདོན་སྤྲོད་བྱ་དགོས། མཚོ་སྔོན་གྱི“ཡིད་རྟོན་བདེ་ཐང་ཨང་རིས”ལ་གཞི་བཅོལ་ནས། དངུལ་ཁང་མཉམ་འབྲེལ་གྱི“སྤྲིན་སྟེགས་རིན་སྤྲོད”དང་ཚོང་ལས་དངུལ་ཁང་གིAPPསོགས་ལས་སྟེགས་དང་ཐོན་རྫས་བརྒྱུད་དེ། ཚོང་ཟོག་དང་སྒོ་རྩིས་ཁང་། བཟའ་བཏུང་། ཞག་སྡོད། རིག་གནས་ཡུལ་སྐོར། སྤྱི་འཁོར། སྣུམ་སྣོན་ས་ཚིགས་སོགས་དམངས་འཚོའི་འཛད་སྤྱོད་གཙོ་བོའི་ཐད་ལ་གནས་གཏན་རྒྱབ་སྐྱོར་བྱེད་པ་དང་གཙོ་གནད་ཀྱི་དུས་ཆེན་དང་དུས་སྐབས་ལེགས་པོར་སྤྱད་དེ། རིམ་བསྟར་གསར་སྐྲུན་དང་གཟིགས་སྐྱོང་མུ་མཐུད་དུ་བཏོན་ནས་ཡིད་རྟོན་བདེ་ཐང་གི་འཛད་སྤྱོད་ལ་སྐུལ་སྤེལ་གཏང་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར2བསྡུ་རུབ་བྱས་ཏེ། འཛད་སྤྱོད་འཛིན་ཤོག་དངུལ་ཚབ་ཀྱི་རྣམ་པས་བཟོ་ཚོགས་ཀྱི་ཁོངས་མིར་འགྲེམ་གཏོང་བྱས་ནས་འཛད་སྤྱོད་སྔར་བས་རྒྱ་ཆེ་རུ་གཏང་དགོས། སྤྱི་ཚོགས་ཀྱི་འཛད་སྤྱོད་སྒོར་དུང་ཕྱུར30ཡན་དུ་སྐུལ་གཏོང་བྱས་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་ཉུང་བ་ནས་མང་དུ་འགྲོ་བར་སྣེ་འཁྲིད་དགོས།

14. ཕྱི་ཕྱོགས་ཉོ་ཚོང་གི་འཕར་ཚད་མགྱོགས་མྱུར་ངང་སྐྱེད་སྲིང་བྱ་དགོས། ཁེ་ལས་ཀྱི་མངགས་ཐོ་མང་དུ་གཏོང་བ་དང་ལས་གནས་བརྟན་འཇགས་དང་ལས་ཞུགས་འགན་ལེན་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པར་དམིགས་ནས། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་གཏོང་ཡིད་རྟོན་འགན་སྲུང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཕྱིར་གཏོང་ནང་འདྲེན་གྱི་ལུགས་མཐུན་མ་རྩ་ཇེ་དམའ་རུ་གཏང་དགོས། མཚོ་སྔོན་གྱི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དང་མཚོ་ཤར་གྱི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ། ན་གོར་མོའི་རྒྱལ་སྤྱིའི་རྐམ་སའི་གྲུ་ཁ་བཅས་ཀྱི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ། ལོ་འཁོར་ནང་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་འགན་ཁུལ་གྱི་སྒོ་བརྒྱབ་ནས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་པ་དང་། ཤར་དབུས་རྒྱུད་ཀྱི་ལས་སྣོན་ཉོ་འཚོང་ཁུར་ལེན་བྱས་ནས་རྐས་རིམ་ལྟར་སྒྱུར་བའི་ཤུགས་ཚད་ཆེ་རུ་བཏང་སྟེ། དྲ་ཐོག་དྲ་འོག་མཉམ་འདྲེས་ངང་གོང་དུ་སྤེལ་བའི་མཚམས་བརྒལ་གློག་རྡུལ་ཐོན་ལས་སྦྲེལ་ཐག་བསྐྲུན་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཕྱིའི་ཁེ་ལས་ནང་འདྲེན་གསོ་སྐྱོང་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་འགག་སྒོ་ལས་བརྒལ་བ་དང་ཞིབ་བཤེར་བྱེད་པ། ཁྲལ་ཕྱིར་སློག་པ། མ་དངུལ་སྡུད་པ། ཡིད་རྟོན་འགན་སྲུང་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། ཁེ་ལས་ཀྱི་ཁྲོམ་ར་རྒྱ་སྐྱེད་ནུས་ཤུགས་ནུས་ལྡན་ངང་མཐོར་འདེགས་དང་ཕྱིར་གཏོང་ནང་འདྲེན་གྱི་གཞི་རྒྱ་ཇེ་མཐོར་གཏང་དགོས། ལོ་སྟོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བརྩོན་ལེན་བྱ་དགོས།

15. ཁྲོམ་རའི་བྱེད་པོར་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་མཐོར་འདེགས་གཏང་དགོས། “ཆེད་ལྔའི”བྱེད་ཐབས་རྒྱུན་མཐུད་ངང་ལེགས་སྒྱུར་དང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་དང་སྤྱི་དམངས་ཀྱི་རེ་འདུན་ཐག་གཅོད་ནུས་ལྡན་བྱེད་ཅིང་། ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་བ་དང་འགྲོ་ལམ་འཚོལ་བ། རྒྱུ་རྐྱེན་གཙོ་བོ་འགན་སྲུང་བཅས་བྱས་ཏེ། སྲིད་ཇུས་དོན་འཁྱོལ་བྱེད་པའི“འཁོར་སྐྱོད་ཆུང་གྲས”བཏོད་དགོས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཁེ་ལས་འཛུགས་པའི་ཐོ་འགོད་ཀྱི་དུས་ཡུན་ལས་ཀའི་ཉིན3ཇེ་ཐུང་དུ་གཏོང་བ་དང་། ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་འཚོང་པའི་ཐོ་འགོད་ཚོང་གཉེར་བྱེད་ཡུལ་གྱི་ཚད་བཀག་ཇེ་ཡངས་སུ་བཏང་ནས། རིགས་སྣ་ཚོགས་ཀྱི་ལས་གཏོད་པས་ཐོར་བཀོད་དེ་ཚོང་གཉེར་བྱེད་པ་དང་རོགས་སྐྱོར་སྲིད་ཇུས་དུས་ཐོག་ཏུ་ལོངས་སྤྱོད་ཐུབ་པར་སྟབས་བདེ་བསྐྲུན་དགོས། “དྲ་གཅིག་ཀུན་སྒྲུབ་དང་དོན་གཅིག་ཀུན་སྒྲུབ”གྱི་ཞིབ་མཆན་རྣམ་པ་དང་རིམ་པ་དང་ལས་རིམ་མང་བའི་མཉམ་འགུལ་མཐུན་སྦྱོར་ཞབས་ཕྱིའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། དྲང་བཞག་གི་ལྟ་སྐུལ་དོ་དམ་གྱིས་འདྲ་མཉམ་གྱི་འགྲན་རྩོད་ལ་སྲུང་སྐྱོབ་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་བསྐྲུན་དགོས། དངུལ་གཏོང་གི“ཞིབ་མཆན་གྱི་འགལ་རྐྱེན་སེལ་བའི”ལས་གྲྭ་གཏིང་ཟབ་ཏུ་སྐུལ་འདེད་དང་། དངུལ་གཏོང་ལས་གཞིའི་དྲ་ཐོག་གི་ཞིབ་མཆན་ལྟ་སྐུལ་ལས་སྟེགས་ལ་གཞི་བཅོལ་ནས། “ངོ་མི་འཕྲད”པར་མ་ཟད་མཉམ་འབྲེལ་ངང་ཞིབ་མཆན་འགོད་པར་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་དགོས་ཤིང་། “ཆད་ཆོག་པ+ཁས་ལེན་ལམ་ལུགས”ཀྱི་ཞིབ་མཆན་བཅོས་སྒྱུར་ཚོད་ལྟ་ལག་བསྟར་བྱས་ཏེ། ལས་གཞི་གལ་ཆེན་དྲ་ཐོག་ནས་ཞིབ་མཆན་བཀོད་དེ་ཉིན30ནང་ཡོངས་འགྲུབ་ཐུབ་པར་མངོན་འགྱུར་བྱ་དགོས། ཡིད་རྟོན་མ་ལག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཡིད་རྟོན་བྱེད་པོར་ཆད་རུང་ཞིབ་མཆན་འགོད་པ་དང་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྟབས་བདེའི་བྱེད་ཐབས་མང་བོ་འདོན་སྤྲོད་བྱས་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཚད་མཐོན་པོས་འདོན་སྤེལ་བྱ་དགོས།

16. ད་ལྟ་སྤྱོད་བཞིན་པའི་སྲིད་ཇུས་མུ་མཐུད་དུ་ལེགས་སྒྱུར་བྱ་དགོས། རིམས་བབ་འགོག་སྡོམ་དང་ལས་འགོ་འཛུགས་པ་དང་ལས་ཀ་སླར་གསོ། ཐོན་ཚད་ནུས་ཕྱོད་ཐོན་པའི་གནས་བབ་ཀྱི་འགྱུར་ལྡོག་གཞིར་བཟུང་ནས། རང་ཞིང་གིས་ཕྱིར་བཏོན་ཟིན་པའི་སྲིད་ཇུས་ལ“ཕྱིར་མིག་ལྟ་བ”དང་། རིགས་པས་བདེན་སྤྲོད་གཏིང་ཟབ་བྱས་ཐོག་སྙོམ་སྒྲིམ་ལེགས་སྒྱུར་བྱས་ཏེ། སྲིད་ཇུས་ནི་དཀའ་ཁག་གི་སྔོན་ལ་ལག་ཏུ་ལེན་པར་ཁག་ཐེག་བྱ་དགོས། སྲིད་ཇུས་མཐུད་སྦྲེལ་དང་བརྒྱུད་སྒྲོག་འདང་ངེས་མེད་པ་དང་སྲིད་ཇུས་ཀྱི་ཆ་འགྲིག་འགན་སྲུང་གི་ཚད་བཀག་སོགས་ཀྱི་གནད་དོན་ལ་དམིགས་ནས། ཕྱོགས་ཡོངས་ནས་ཕྱིར་བཏོན་ཏེ་རེ་རེ་བཞིན་ཞིབ་འཇུག་དང་གཅིག་རེ་གཅིག་རེ་འགག་གཏོར་བྱས་ནས། སྲིད་ཇུས་ལག་བསྟར་གྱི“ཁེགས་ས”ཤུགས་ཡོད་རྒུས་བསལ་དགོས། དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་སྔོན་དཔག་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་གསར་བ་དང་རང་ཞིང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་དམ་པོར་དམིགས་ནས། འཐབ་ཇུས་བསམ་གཞིགས་དང་མཐའ་ཐིག་བསམ་གཞིགས། རྩོད་སྒྲུབ་བསམ་གཞིགས། མཉམ་འདྲེས་བསམ་གཞིགས་བཅས་རྒྱུན་འཁྱོངས་བྱས་ཐོག སྔོན་དཔག་རང་བཞིན་དང་དམིགས་གཏད་རང་བཞིན་ལྡན་པའི་ཁ་གཏད་འཇལ་ཐབས་ཁག་ཅིག་འཆར་འགོད་བྱས་ནས། སྔར་བས་རྙོག་འཛིང་ལྡན་པའི་རྣམ་པར་ཁ་གཏད་འཇལ་བར་གྲ་སྒྲིག་གང་ལེགས་བྱ་དགོས།

བཞི། མ་འོངས་སྔོན་འགོག་བྱས་ནས་འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས།

17. འབྲུ་རིགས་ཐོན་ཚད་དང་ལས་སྣོན་ནུས་ཤུགས་བརྟན་འཇགས་ངང་མཐོ་རུ་གཏང་དགོས། “འབྲས་ཁུག”ཧྲིན་ཀྲང་གི་འགན་འཁྲི་ལམ་ལུགས་དང“ཚོད་སླེ”གྲོང་གཙོའི་འགན་འཁྲི་ལམ་ལུགས་ནན་དཀྲི་གཏང་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་བརྟན་པོ་དང་རྒྱ་ཁྱོན་བརྟན་པོ། ཐོན་ཚད་བརྟན་པོ་བཅས་ཡོང་དུ་འཇུག་དགོས་ལ། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི20གསར་སྣོན་བྱ་རྒྱུར་སྐུལ་འདེད་བཏང་ནས། འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི830ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱས་ཏེ། འབྲུ་རིགས་འདེབས་སའི་རྒྱ་ཁྱོན་མུའུ་ཁྲི10ཇེ་མང་དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི106ལ་བསླེབ་པར་བརྩོན་ལེན་བྱ་དགོས། གྲོ་དང་མ་རྨོས་ལོ་ཏོག སྣུམ་རིགས་ལོ་ཏོག་གི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་སྲུང་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་དང་འགན་རིན་ཁ་གསབ་དོན་འཁྱོལ་བྱས་ཏེ། འབྲུ་རིགས་ལོ་ཏོག་གི་ས་བོན་ལེགས་བཟོའི་ལས་རིགས་ཡུན་རིང་རྒྱུན་མཐུད་ངང་འཕེལ་རྒྱས་ཐུབ་པར་སྐུལ་འདེད་གཏང་དགོས། རྣམ་པ་གསར་བའི་འབྲུ་རིགས་ཐོན་སྐྱེད་ཀྱི་ཚོང་གཉེར་བྱེད་པོ་དང་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་གསོ་སྐྱོང་བྱས་ཏེ། འབྲུ་སྣུམ་ལས་སྣོན་གྱི་ཁེ་ལས་དེ་ལས་སྣོན་གཏིང་ཟབ་ཏུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་ནས་དང་ཀེ་ཚེ། ལི་གྲོ། འཕང་འབྲས་སོགས་ལེགས་ལྡན་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས།

18.འབྲུ་སྣུམ་གསོག་འཇོག་དང་མཁོ་སྤྲོད་བྱེད་ནུས་མཐོར་འདེགས་གཏང་དགོས། འབྲུ་སྣུམ་གསོག་འཇོག་བདེ་འཇགས་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པའི་འབྲས་གསོག་ཉར་ཏུན་ཁྲི3མང་དུ་གཏོང་བ་དང་། ཞིང་ཆེན་རིམ་པའི་གནས་སྐབས་འགུལ་རྣམ་གྲབས་གསོག་སྣུམ་ཏུན་ཁྲི1ཡི་གསོག་ཉར་དུས་ཡུན་ལོ1ཇེ་རིང་དུ་གཏང་དགོས། རྒྱུན་རིང་བརྟན་འཇགས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་གི་མཉམ་ལས་འབྲེལ་བ་བཙུགས་ནས། འོས་འཚམ་གྱིས་འབྲུ་རིགས་གསོག་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྐྱེལ་འདྲེན་སྙོམ་སྒྲིག་ལ་ཤུགས་བསྣན་ནས་འབྲུ་རིགས་ཐོན་ལས་སྤྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་འཇགས་ལ་ཁག་ཐེག་བྱ་དགོས། རང་ཞིང་གི་འབྲུ་སྣུམ་ཁྲོམ་རའི་ཕྱིར་འཚོང་གི་གནས་ཚུལ་ལ་གཞིགས་ནས། རིགས་སྣ་ཚོགས་ཀྱི་ཚོང་ར་དང་ཁྲོམ་ར། ཁེ་ལས་བཅས་ཀྱི་གྲུབ་རྫས་འབྲུ་སྣུམ་གསོག་ཚད་དུས་ཐོག་ཏུ་ཁ་གསབ་བྱས་ཏེ། རྒྱལ་ཁབ་ཀྱི་ཡ་མཐའི་ཚད་གཞི་ལ་ཐོན་པར་ཁག་ཐེག་བྱ་དགོས། འབྲུ་སྣུམ་གྱི་རིན་གོང་ལྟ་བཤེར་དབྱེ་ཞིབ་དང་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ནས། སྐབས་འཚམ་དུ་གོང་བདེ་འབྲུ་སྣུམ་བཏང་སྟེ་རིན་གོང་བརྟན་འཇགས་ཡོང་བར་བྱ་དགོས།

19. ནུས་ཁུངས་ཐོན་སྐྱེད་གསོག་འཇོག་དང་མཁོ་སྤྲོད་བརྟན་འཇགས་ཡོང་བར་བྱ་དགོས། གློག་ཤུགས་དང་རྡོ་སོལ། སྣུམ་རླངས་བཅས་ཀྱི་ཐོན་སྐྱེད་འགན་སྲུང་གི་དམིགས་ཚད་གཏན་འབེབས་བྱས་ཏེ། རིམ་པ་བཞིན་དུ་ཐོན་ཚད་འགན་འཁྲི་ནན་དཀྲི་བྱེད་པ་དང་ཚད་གཞི་རེ་རེ་བཞིན་དོན་འཁྱོལ་ལེགས་པོར་བཟུང་ནས། གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར831དང་མ་བཅོས་རྡོ་སྣུམ་ལོ་རེར་ཏུན་ཁྲི227དང་སོལ་རླངས་ལོ་རེར་ཧྥང་དུང་ཕྱུར64ཐོན་པར་ཁག་ཐེག་བྱ་དགོས། སྲིད་གཞུང་གི་སོལ་རླངས་གསོག་འཇོག་སྒྲིག་ཆས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། གསོག་རླངས་བཀོལ་བའི་རྩེ་སྒང་སྙོམ་སྒྲིག་བྱེད་ནུས་མཐོར་འདེགས་གཏོང་བ་དང་། མཁར་ནུབ་ཆུས་དང་མིན་ཧོ། གཏེར་ལེན་ཁ། ན་གོར་མོ། གུང་ཧོ། ཁྲི་ཀ་བཅས་ཀྱི་རླངས་གསོག་ས་ཚིགས་བསྐྲུན་དགོས་ལ། ཧོང་ཀྲུང་དང་ལོ་ཏུའུ་ས་ཆའི་རླངས་གསོག་ས་ཚིགས་འཛུགས་སྐྲུན་གྱི་ལས་གྲྭ་ཡོངས་འགྲུབ་བྱ་དགོས། རྒྱལ་ཁབ་ཀྱི་གྲུབ་རྫས་སྣུམ་གྲབས་གསོག་མཛོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། མ་བཅོས་སྣུམ་གྱི་ལས་སྣོན་དང་མཁོ་འདོན་ནུས་ཤུགས་མཐོར་འདེགས་བཏང་ནས། སྣུམ་རླངས་ཐོན་སྐྱེད་དང་ཕྱིར་འཚོང་ཁེ་ལས་ཀྱིས་རྩེ་སྒང་སྙོམ་སྒྲིག་གི་གྲབས་གསོག་ལེགས་པོར་བསྒྲུབ་པར་སྣེ་འཁྲིད་པ་དང་། ན་གོར་མོའི་རྒྱལ་ཁབ་རྒྱུ་དངོས་གྲབས་གསོག་ལྟེ་གནས་སྐྲུན་པའི་ལས་གཞི་འཛུགས་པར་བརྩོན་ལེན་བྱས་ཏེ། ནུས་ཁུངས་མཁོ་སྤྲོད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། སོལ་རླངས་དང་གློག་ཤུགས། རྡོ་སོལ་དང་རྡོ་སྣུམ་གྱི་གྲུབ་རྫས་སོགས་རིགས་སྣ་ཚོགས་ཀྱི་ནུས་ཁུངས་མཉམ་སྲུང་མཉམ་སྤྲོད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྲིད་གཞུང་གི་གསོག་རླངས་བཀོལ་བའི་རྩེ་སྒང་སྙོམ་སྒྲིག་ཚད་མ་མཐའི་ཚད་གཞི་ལས་མི་དམའ་བར་ཁག་ཐེག་བྱ་དགོས་ལ། རྡོ་སོལ་ཡ་མཐའི་མཁོ་སྤྲོད་རྒྱུན་འཁྱོངས་བྱས་ཏེ། ད་ལྟ་གཉེར་བཞིན་པའི་སྣུམ་སྣོན་ས་ཚིགས387རྒྱུན་ལྡན་དུ་ལས་གཉེར་བྱ་ཐུབ་དགོས། གློག་ཤུགས་དང་སྣུམ་རླངས་རིན་གོང་གི་དོ་དམ་ལ་ཤུགས་བསྣན་ཞིང་། རྒྱལ་ཁབ་ཀྱི་ནུས་ཁུངས་བཀོལ་བའི་གཟིགས་སྐྱོང་རིན་གོང་སྲིད་ཇུས་སྣ་ཚོགས་བཀོལ་འདང་བ་དང་བཀོལ་ལེགས་པོ་བྱས་ཏེ། རྒྱལ་ཁབ་ཀྱི་རིན་གཅོག་ཁེ་ཕན་མཐའ་སྣེའི་སྤྱོད་མཁན་ལ་བརྒྱུད་སྤྲོད་བྱ་དགོས།

20.དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་ཤུགས་ཆེན་པོས་བསྐྲུན་དགོས། རྒྱལ་ཁབ་ཀྱི་ནུས་ཁུངས་གསར་བརྗེའི་ཕྱོགས་བསྡུས་ཚོད་ལྟ་ཏན་ཏིག་ངང་སྤེལ་ནས། འོད་ནུས་དང་རླུང་ནུས་ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། བསྐྱར་གསོ་ཐུབ་པའི་ནུས་ཁུངས་གཙོ་བོར་བྱེད་པ་དང་། ནུས་མང་ཕན་ཚུན་གསབ་པ་དང་། གསོག་ནུས་ཀྱིས་འདེགས་སྐྱོར་དང་རིག་ནུས་ཀྱིས་ལས་གཉེར་བྱེད་པ། ཡུལ་དེར་སྤྱོད་པ། གཞི་ཁྱོན་ལྡན་སྒོས་ཕྱིར་སྐྱེལ་བ་བཅས་ཀྱི“ལྗང་གློག་དམིགས་ཁུལ”བསྐྲུན་པར་ཤུགས་གདོན་དགོས། མཚོ་ལྷོ་དང་མཚོ་ནུབ་ཀྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་བའི་རྟེན་གཞི་གཉིས་དང་མཚོ་སྔོན་ནས་ཧི་ནན་བར་གྱི་མཐོ་གནོན་ཐད་རྒྱུག་ལས་གྲྭ་འགྲུབ་པར་བྱེད་པ་དང་། ལྗང་གློག་མཚོ་སྔོན་གྱི་འོད་ཧྥུ་སྟོང་ཝ་ཁྲི300དང་རླུང་གློག་སྟོང་ཝའི་ཁྲི200ལས་གཞི་འཁོར་སྐྱོད་བྱས་ནས། ལོ་འཁོར་ནང་དྭངས་གཙང་ནུས་ཁུངས་སྒྲིག་ཆས་ཟིན་ཚད90%ཡན་དུ་བསླེབ་དགོས། མཚོ་སྔོན་ནས་ཅང་སུའུ་བར་གྱི་ཁྱད་ལྡན་མཐོ་གནོན་ཕྱིར་སྐྱེལ་བརྒྱུད་ལམ་གྱི་སྔ་དུས་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ། ནུས་ཁུངས་གསར་བའི་གློག་ཚད་ཧྲན་ཏུང་དུ་སྐྱེལ་བར་སྐུལ་འདེད་གཏོང་བ་དང་། ཆུས་གསུམ་ཁུལ་གསུམ་གྱི་ཞིང་དྲའི་རིམ་སྤོར་སྒྱུར་བཀོད་ཡོངས་འགྲུབ་བྱ་དགོས། ཉིང་ནུས་ཚ་འདོན་ལས་གཞི་དོན་འཁྱོལ་དང་ཉིང་ནུས་གློག་འདོན་སྔ་དུས་ཀྱི་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དྭངས་གཙང་ཚ་འདོན་བྱ་བ་འགོ་བརྩམ་པ་དང་ཕན་ནུས་ཐོན་པར་ཁག་ཐེག་བྱ་དགོས།

ལྔ། ཁེགས་གཏོང་ཆད་གསབ་བྱས་ཏེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་འཇགས་ཡོང་བར་འགན་སྲུང་བྱ་དགོས།

21. རེས་འཁོར་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག་སྲ་བརྟན་དང་མཐོར་འདེགས་གཏང་དགོས། ད་ཡོད་ཀྱི་གཙོ་ཁྲིད་ཁེ་ལས་སྦྲེལ་ཐག་སྟོབས་ལྡན་དུ་གཏོང་བ་དང་གསབ་པ། བསྲིང་བ་བཅས་ལ་དམིགས་ནས་ཐོན་ལས་ཀྱི་རེས་འཁོར་མངོན་འགྱུར་ཡོང་བར་བྱ་དགོས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཕྱོགས་བསྡུས་བཀོལ་སྤྱོད་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། ཅ་ཐོན་ལས་སྦྲེལ་ཐག་དང་ལིས་གློག་ཐོན་ལས་སྦྲེལ་ཐག མཱེ་ཐོན་ལས་སྦྲེལ་ཐག་བཅས་གསོན་སྒྱུར་སྟོབས་སྒྱུར་བྱེད་པ་དང་། འོད་ཧྥུ་བཟོ་སྐྲུན་གྱི་ཐོན་ལས་སྦྲེལ་ཐག་དང་མདོག་ལྡན་ལྕགས་རིགས་དང་ལས་སྣོན་གཏིང་ཟབ་ཐོན་ལས་སྦྲེལ་ཐག རྣོ་ལྕགས་ཐོན་ལས་སྦྲེལ་ཐག རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་སྦྲེལ་ཐག སྣུམ་རླངས་ཐོན་ལས་སྦྲེལ་ཐག ཁྱད་ལྡན་ཡང་བའི་བཟོ་ལས་ཐོན་ལས་སྦྲེལ་ཐག་སོགས་མུ་མཐུད་དུ་ཇེ་ཆེ་དང་ཇེ་ལེགས་སུ་བཏང་ནས་རེས་འཁོར་ཐོན་ལས་མ་ལག་བསྐྲུན་པ་དང་། ཐོན་ལས་སྦྲེལ་ཐག8ཡི་སྤྱིའི་ཐོན་རིན་གྱིས་བཟོ་ལས་ཡོངས་ཀྱི་སྤྱིའི་ཐོན་རིན་ནང་ཟིན་པའི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་གཏང་དགོས། རེས་འཁོར་དཔལ་འབྱོར་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལེགས་པོར་བཟུང་ནས། “འཕྲེད་དུ་མཐུན་འགྱུར་དང་གཞུང་དུ་བསྲིང་བ། རེས་འཁོར་སྦྲེལ་མཐུད”ཀྱི་རྩ་དོན་ལྟར། གཙོ་གནད་ས་ཁུལ་དང་གླིང་ཁུལ་རེས་འཁོར་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏང་བ་དང་། འཛད་གྲོན་དམའ་བ་དང་ཕྱིར་གཏོང་དམའ་བ། ནུས་ཕྱོད་མཐོ་བ། ཐོན་ཚད་མཐོ་བ་བཅས་ཀྱི་རེས་འཁོར་ཐོན་ལས་ཀྱི་ཁྱུ་ཚོགས་མགྱོགས་མྱུར་ངང་བསྐྲུན་ནས་གླིང་ཁུལ་གྱི་རེས་འཁོར་མངོན་འགྱུར་བྱ་དགོས། ཁེ་ལས་གཙོ་བོ་དང་ཆ་འགྲིག་ཁེ་ལས་དང་གོང་འོག་ཏུ་བསྲིང་བའི་ཁེ་ལས་ཀྱི་འཛུགས་སྐྲུན་ལེགས་པོར་བཟུང་ནས། གཙོ་གནད་རྐང་འཛིན་ཁེ་ལས་ནི་སྲོག་ཤིང་དང་གོང་འོག་ཆ་འགྲིག་གི་ཁེ་ལས་ཟབ་ཞུགས་ཀྱི་མཁོ་འདོན་སྦྲེལ་མཐུད་ལས་སྟེགས་ཧུར་ཐག་གིས་བསྐྲུན་པ་དང་། གཞི་གྲངས་ཆེན་མོའི་གནད་འཁེལ་སྙོམ་སྒྲིག་སྤྱད་དེ། ཁེ་ལས་ཀྱིས་ཁྲོམ་ར་སྐྱེད་པ་དང་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ། ཕྱིར་འཚོང་བར་སྐུལ་འདེད་གཏོང་བ་བཅས་ལ་རོགས་སྐྱོར་བྱས་ཏེ། གོང་འོག་སྦྲེལ་མཐུད་ཀྱི་ལས་འགན་སྒོར་དུང་ཕྱུར120ཡོངས་འགྲུབ་བྱས་ནས་ཁེ་ལས་ཀྱི་རེས་འཁོར་མངོན་འགྱུར་བྱ་དགོས། ལྗང་མདོག་དང་ཐཱན་ཉུང་། ནུས་མཐོ། ཕྱོགས་བསྡུས་བཅས་ཀྱི་བཟོ་ལས་རེས་འཁོར་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས།

22. རིན་འཕར་བརྟན་འཇགས་ཀྱི་མཁོ་སྤྲོད་སྦྲེལ་ཐག་རྒྱ་བསྐྱེད་དགོས། དཔལ་འབྱོར་རྒྱུ་རྐྱེན་གཙོ་བོ་དང་སྲིད་ཇུས་ཀྱི་ཁྲོམ་རའི་བཀོད་སྒྲིག་དང་སྲིད་གཞུང་གི་མཁོ་འདོན་ལ་མུ་མཐུད་དུ་ཤུགས་གདོན་དགོས། སྲིད་གཞུང་དང་ཁྲོམ་ར། ནོར་སྲིད་དང་དངུལ་རྩ། ཞབས་ཕྱི་དང་ལྟ་སྐུལ་དོ་དམ་བཅས་ཀྱི་ནུས་པ་དངོས་གནས་འདོན་སྤེལ་བྱས་ཏེ། རྡོ་སོལ་དང་གློག སྣུམ། རླངས། སྐྱེལ་འདྲེན་སོགས་རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་འགན་སྲུང་བརྟན་འཇགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་མཁོ་འདོན་གྱི་སྤུས་ཚད་དང་ཕྱོད་ནུས་ཇེ་མཐོར་གཏོང་བ། ཁེ་ལས་ཀྱིས་ཐོན་སྐྱེད་ཚོང་གཉེར་བྱེད་པའི་མ་རྩ་ཇེ་དམའ་རུ་བཏང་སྟེ། དེ་ནི་ཁེ་ལས་དཀའ་ཁག་ཅན་གྱིས་ཐོན་སྐྱེད་ལས་གཉེར་བྱེད་པའི་ཁྲོད་ཀྱི་སྙིང་ཤུགས་གསོ་སྨན་དང་སྲོག་སྐྱོབ་ཀྱི་སྒོར་མོ། འཁྱགས་དུས་ཀྱི་མེ། དུས་ཐོག་ཆར་བ་བཅས་སུ་འགྱུར་དུ་གཞུག་དགོས། སྲིད་གཞུང་དང་དངུལ་ཁང་ཁེ་ལས་བཅས་ཀྱི་སྦྲེལ་མཐུད་ལས་སྟེགས་ཧུར་ཐག་གིས་བསྐྲུན་ནས། ཁེ་ལས་ཀྱི་ལས་གཞིའི་དངུལ་བསྡུ་བསམ་ཕྱོགས་རྒྱུན་རྣམ་ཅན་དུ་སྦྲེལ་མཐུད་བྱེད་པ་དང་། བཟོ་ལས་ཁེ་ལས་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ནས་གཏིང་ཟབ་ཅིང་ཕྱོགས་ཡོངས་ཀྱི་མཉམ་ལས་སྤེལ་བར་སྐུལ་འདེད་གཏང་དགོས། “ཆེད་རྣོ་ཁྱད་གསར”གྱི་དཔེ་སྟོན་ཁེ་ལས་ཁག་ཅིག་གསོ་སྐྱོང་དང་ངོས་འཛིན་བྱས་ཏེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏང་དགོས། འབྲེལ་ཡོད་ཐོན་ལས་མཉམ་འབྲེལ་སྒོས་ཚོགས་པ་གྲུབ་པར་སྣེ་ཁྲིད་ཅིང་། ཆེ་བས་ཆུང་བ་ཁྲིད་ནས་མ་བཅོས་རྒྱུ་ཆ་གཅིག་སྡུད་ཀྱིས་ཉོ་བསྡུ་བྱས་ཏེ་ཁྲོམ་རའི་གཏམ་བཤད་དབང་ཆ་ཇེ་དྲག་ཏུ་གཏང་དགོས། དངུལ་གཏོང་སྣེ་ཁྲིད་དུ་བྱས་ཤིང་ལས་གཞིའི་བདག་པོས་ཞིང་ཆེན་ནང་གི་ཇུས་འགོད་དང་ལས་སྒྲུབ་སྡེ་ཚན་བར་དུ་མཉམ་ལས་ལ་ཤུགས་སྣོན་པར་སྣེ་འཁྲིད་དགོས་ལ། སྔོན་ལ་ཞིང་ཆེན་ནང་གི་བཟོ་ལས་ཐོན་རྫས་ཉོ་བསྡུ་བྱས་ཏེ། ཞིང་ཆེན་ནང་གི་ཐོན་རྫས་ཀྱི་ཁྲོམ་རའི་ཟིན་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཁབ་ཀྱི་ནས་དང་ནོར་ལུག་གི་ཤའི་ཉོ་ཚོང་ལྟེ་གནས་དང་མདོ་དབུས་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས། འཐེན་ཐུག་དཔལ་འབྱོར། རླངས་འཁོར་རྙིང་བའི་ཉོ་ཚོང་ཁྲོམ་ར་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རིགས་དབྱེ་ཞིང་གནད་འཁེལ་བའི་ངང་ཇུས་གཞི་ལག་བསྟར་བྱས་ཏེ་ཁྲོམ་རའི་ཁེགས་གནས་ཤར་གཏོང་བྱ་དགོས། མཁོ་འདོན་སྤྲིན་སྟེགས་ཕྱིར་འཚོང་དྲ་བ་མགྱོགས་མྱུར་ངང་བསྐྲུན་ནས། དྲ་ཐོག་དྲ་འོག་དང་གྲོང་ཁྱེར་དང་གྲོང་གསེབ། ཞིང་ཆེན་ཕྱི་ནང་བཅས་ཀྱི་ཟོང་སྐྱེལ་བགོ་སྐྱེལ་ཤར་གཏོང་དང་མཁོ་འདོན་གནད་འཁེལ་ཆ་འགྲིག ཁྲོམ་ར་མགྱོགས་པོར་འགྲུབ་པ། མ་དངུལ་མགྱོགས་པོར་བསྡུ་ཐུབ་པའི་གཞི་གྲངས་སྦྲེལ་ཐག་དང་དངོས་ཟོག་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་གྲུབ་པར་བྱས་ནས་ཁྲོམ་རའི་རེས་འཁོར་མངོན་འགྱུར་བྱ་དགོས།

23.རིམ་པ་སྔར་ལས་མཐོ་བའི་མཁོ་འདོན་དོ་མཉམ་ཡོང་བར་མགྱོགས་མྱུར་ངང་མངོན་འགྱུར་བྱ་དགོས། “མཉམ་འབྲེལ་དྲ་བ+”ཁྱོན་ཡོངས་ནས་སྐུལ་སྤེལ་དང5Gཐོན་ལས་ཀྱི་ལས་རྣམ་གསར་བ་ཤུགས་ཆེན་པོས་བསྐྲུན་ནས། གཞི་གྲངས་དཔལ་འབྱོར་གྱི་ལེགས་ཆ་གསར་བ་བསྐྲུན་དགོས། 5Gདྲ་རྒྱ་ཚོང་ལས་ཐད་བཀོལ་བའི་བཀོད་སྒྲིག་མགྱོགས་སུ་བཏང་ནས། 5Gདང་ཐད་ཀར་དོ་དམ་ལས་རིགས་གཙོ་བོའི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས་ལ། ད་ལོའི་ལོ་མཇུག་བར་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་ལྟེ་གནས་གྲོང་རྡལ་དང་ཐོན་ལས་གླིང་ཁུལ། རིག་གནས་ཡུལ་སྐོར་སོགས་གནས་ཡུལ་གཙོ་བོར5Gདྲ་བ་ཡོངས་སུ་ཁྱབ་པར་བརྩོན་ལེན་བྱ་དགོས་ཤིང་། རིག་ནུས་སྲིད་གཞུང་དང་རིག་ནུས་གླིང་ཁུལ། རིག་ནུས་ཡུལ་སྐོར་སོགས་སྤྱི་སྤྱོད་དང་སྤྱི་ཚོགས་ཀྱི་སྤུས་ཀ་མཐོ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏང་དགོས། ཚན་རྩལ་གསར་སྐྲུན་གྱི་འདེགས་ཤུགས་ཇེ་མཐོར་བཏང་ནས། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་བརྟན་འཇགས་ངང་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་ཀྱི་གཏོང་སྒོ་ཇེ་མང་དུ་གཏོང་བར་སྣེ་འཁྲིད་དགོས་ལ། གཙོ་གནད་ལས་གཞི་རུ“འཇོན་ལྡན་ལས་རྩོད”ལག་བསྟར་བྱ་དགོས། ལི་གློག་རྫས་དང་ཀུའེ་གློག་རྫས། ཆིང་གློག་རྫས་བཅས་ཀྱི“གློག་རྫས་ཁག་གསུམ”ནི་འདེགས་སྐྱོར་བྱས་ཏེ། རང་ཞིང་གི་ནུས་ཁུངས་གསར་བའི་རྒྱུ་ཆ་དང་གསོག་ནུས་ལག་རྩལ་གྱི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསོག་ནུས་ལག་རྩལ་ཚོད་ལྟ་ཁང་སྒྲིག་འཛུགས་བྱས་ནས། རྒྱལ་ནང་དུ་ཆེས་ཆེ་བ་དང་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་གསོག་ནུས་ཐོན་ལས་ཚོགས་སྤྱི་དང་འོད་ཧྥུ་བཟོ་སྐྲུན་གྱི་རྟེན་གཞི་འགྲུབ་པར་བརྩོན་ལེན་བྱ་དགོས། རང་ཞིང་གི་གསར་དར་ཐོན་ལས་གོང་སྤེལ་དང་ལྗང་གློག་འཛད་སྤྱོད། གློག་སྒུལ་རླངས་འཁོར། དྭངས་གཙང་ཚད་འདོན་གྱི་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས། སྤུས་ཀ་མཐོ་བའི་ཐོན་སྐྱེད་འཚོ་བར་སྐུལ་སྤེལ་གཏང་དགོས། སྲིད་ཇུས་ཞིབ་འཇུག་དང་འཆར་འགོད་སྒྲིག་བཟོ། ལས་གཞི་བཀོད་སྒྲིག་གི་བྱ་བ་ནན་ཏན་སྒོས་སྤེལ་ནས། རང་ཞིང་གི་དངོས་ཡོད་དང་འཚམ་ལ་སྐུལ་ཁྲིད་ནུས་པ་མངོན་གསལ་ལྡན་པའི་ལྕགས་ལམ་འགྲིམ་འགྲུལ་སོགས“རྨང་གཞིའི་འཛུགས་སྐྲུན་གསར་བའི”ལས་གཞི་ཁག་ཅིག་འཆར་འགོད་དང་གྲབས་གསོག་མགྱོགས་པོར་བྱས་ཏེ། འཛད་སྤྱོད་གསར་བའི་གོང་འཕེལ་གྱི་སྒུལ་ཤུགས་གསར་བ་གསོ་སྐྱོང་བྱས་ནས་སྟོབས་ལྡན་དུ་གཏང་དགོས།

དྲུག ནོར་ཤུགས་ལེགས་སྒྱུར་བྱས་ཏེ་གཞི་རིམ་གྱི་འཁོར་སྐྱོད་འགན་སྲུང་བྱ་དགོས།

24.རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱ་དགོས། “གསར་བ་གཉིས་དང་གལ་ཆེན་གཅིག”གི་འཛུགས་སྐྲུན་ལ་དམིགས་ནས། ལས་གཞིའི་འཆར་འགོད་ཡར་ཞུ་མགྱོགས་སུ་བྱེད་པ་དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་དམིགས་བསལ་སྤོ་སྒྱུར་གཏོང་སྤྲོད་རྐྱེན་སྲོལ་འདང་བ་དང་ལེགས་པོར་བཀོལ་ནས། གསར་སྣོན་ནོར་སྲིད་མཚལ་ཡིག་དང་རིམས་འགོག་གི་དམིགས་བསལ་བུན་བཅད་གྲངས་ཚད་ཆེས་ཆེ་བར་བརྩོན་ལེན་བྱ་དགོས། ད་ཡོད་ཀྱི་བརྒྱུད་ལམ་སྤྱད་ཅིང“ཚོགས་ཆེན་གཉིས”རྗེས་ཀྱི་མ་དངུལ་གཅིག་སྡུད་ཀྱིས་གཏོང་སྤྲོད་བྱེད་པའི་བསྐལ་བཟང་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་ཐད་དུ་སྔར་ལས་མང་བའི་རྒྱབ་སྐྱོར་བརྩོན་ལེན་བྱ་དགོས། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྙོམ་སྒྲིག་མཉམ་འགུལ་བྱས་ཏེ། མ་དངུལ་བརྩོན་ལེན་གྱི་བྱ་བར་གཅིག་འདོམས་འཆར་འགོད་ཀྱིས་ལེགས་པོར་སྒྲུབ་པ་དང་། ས་ཁུལ་དང་སྡེ་ཁག་སོ་སོའི་མ་དངུལ་བརྩོན་ལེན་གྱི་གནས་ཚུལ་དུས་གཏན་ངང་བརྡ་བསྒྲགས་གཏང་དགོས།

25. “འགན་སྲུང་གསུམ”གྱི་འགན་འཁྲི་ཇེ་དྲག་ཏུ་གཏང་དགོས། “གཞི་རྩའི་དམངས་འཚོ་འགན་སྲུང་དང་འཁོར་སྐྱོད་འགན་སྲུང་། གླ་ཕོགས་འགན་སྲུང”བཅས་ཀྱི་གཏོང་སྒོའི་གོ་རིམ་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་མ་དངུལ་གཏོང་སྤྲོད་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས། མཛོད་དངུལ་འགན་སྲུང་ཆུ་ཚད་ཅུང་དམའ་བའི་ས་ཁུལ་གྱིས་གཏོང་སྒོ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏང་དགོས། གོང་རིམ་གྱི་ཁ་གསབ་དང་ས་གནས་སྲིད་གཞུང་གི་བུན་འཛིན། རང་བདག་ཡོང་འབབ། གསོག་ཚད་གསོན་སྒྱུར་སོགས་ཀྱི་མ་དངུལ་རིགས་སྣ་ཚོགས་གཅིག་འདོམས་བྱས་ཏེ། གཞི་རིམ་དང་ལྷག་པར་ཏུ་ནོར་སྲིད་ཀྱི་དཀའ་ཁག་ཡོད་པའི་རྫོང་དང་ཆུས་ཀྱི་ནོར་ཤུགས་ཐད་གཞོལ་ཤུགས་ཇེ་ཆེར་བཏང་ནས། རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)ཡོངསཀྱི“འགན་སྲུང་གསུམ”གྱི་འགྲོ་སྒོ་བརྟན་འཇགས་རྒྱུན་མཐུད་ཡོང་བར་ཁག་ཐེག་བྱ་དགོས།

26. སྲིད་གཞུང་རང་བཞིན་གྱི་བུ་ལོན་དང་སྤྱི་ཚོགས་འགན་སྲུང་ཐེབས་རྩ་དོ་དམ་ཇེ་དྲག་ཏུ་གཏང་དགོས། བུ་ལོན་ལེན་པའི་བྱ་སྤྱོད་ཚད་ལྡན་ནན་མོར་བཏང་ནས་ས་གནས་བུ་ལོན་གྱི་ཉེན་ཁར་ཁྲིམས་ལྟར་དོ་དམ་ཚོད་འཛིན་བྱེད་པ་དང་། འཕར་ཚད་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་གསོག་ཚད་བདེ་ལེགས་ངང་སེལ་བར་བྱ་དགོས། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་སྲུང་ཐེབས་རྩ་རྒྱལ་ཡོངས་སུ་གཅིག་འདོམས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པར་གཞོགས་འདེགས་བྱས་ཏེ། རྒན་གསོའི་འགན་སྲུང་ཐེབས་རྩ་བརྟན་འཇགས་ངང་འཁོར་སྐྱོད་དང་རྒན་གསོའི་དངུལ་འདང་ངེས་དུས་ཐོག་ཏུ་གཏོང་བར་ཁག་ཐེག་བྱ་དགོས།

27. ཁྲིམས་སྲོལ་སྒྲིག་སྲོལ་ལྟར་ནོར་སྲིད་ཀྱི་ཡོང་སྒོ་རྩ་འཛུགས་བྱ་དགོས། ཁྲལ་རིན་གཉིས་གཅོག་དང་ཁྲིམས་ལྟར་བསྡུ་ལེན་དང་དོ་དམ་བྱེད་པའི་འབྲེལ་བ་ལེགས་པོར་ཐག་གཅོད་བྱས་ཏེ། འཕྲི་དགོས་པ་མཐའ་དག་འཕྲི་བ་དང་བསྡུ་དགོས་པ་མཐའ་དག་བསྡུ་བར་མངོན་འགྱུར་བྱ་དགོས། ཞུ་འབུལ་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ལས་ཞུགས་ཀྱིས་ཡོང་སྒོ་འཕར་བ་དང་སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་བདེ་སྐྱོང་སོགས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་རིགས་སྣ་ཚོགས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ་སྤྱིའི་ནོར་ཤུགས་ཇེ་མང་དུ་གཏོང་བ་དང་། ས་གནས་ནོར་སྲིད་ཀྱི་ཡོང་སྒོ6%ཡན་འཕར་བར་བརྩོན་ལེན་བྱ་དགོས། སྲིད་གཞུང་གི་བུན་འཛིན་གྱི་བཅད་གྲངས་ཤུགས་ཆེན་པོས་བརྩོན་ལེན་བྱས་ཏེ་ལེགས་པོར་སྤྱོད་པ་དང་། སྲིད་གཞུང་གི་བུན་འཛིན་ལས་གཞིའི་མ་དངུལ་རེ་ཞུ་དང་འགྲེམ་སྤེལ། བཀོལ་སྤྱོད། དོ་དམ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། གཙོ་གནད་ཁྱབ་ཁོངས་དང་ལས་གཞི་གལ་ཆེན་གྱི་དགོས་མཁོར་འགན་སྲུང་བྱ་དགོས།

28. སྔོན་རྩིས་ལག་བསྟར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས། གསོག་ཚད་མ་དངུལ་གཙང་སེལ་བྱེད་པའི་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་ཏེ། གཅིག་གྱུར་གྱིས་བསྡུ་རུབ་བྱེད་ཆོག་པའི་སྔོན་རྩིས་མ་དངུལ་ལ་དུས་ཐོག་ཏུ་འགྲོ་སྒོའི་སྤྱོད་ཐབས་སྙོམ་སྒྲིག་བྱ་དགོས་ཅིང་། གཞི་རིམ་གྱི་འཁོར་སྐྱོད་སོགས་ཐད་ཀྱི་འགྲོ་སྒོར་གཅིག་སྡུད་ཀྱིས་སྤྱད་དགོས། སྔོན་རྩིས་སྔོན་གྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ལེགས་པོ་བྱས་ཏེ། ལག་བསྟར་ཁྲོད་བྱུང་བའི་ཆད་ལྷག་ལ་ལས་གཞིའི་འགྲོ་སྒོ་ཉུང་འཕྲི་དང་སྔོན་རྩིས་བརྟན་འཇགས་སྙོམ་སྒྲིག་མ་དངུལ་ནང་དུ་འདྲེན་པ་སོགས་ཀྱི་རྣམ་པ་ལྟར་ཁ་གསབ་བྱས་ཏེ། གཞི་རིམ་གྱི་འཁོར་སྐྱོད་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། “གྲོན་ཆུང་སྒོས་འཚོ་བ” རོལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་འགུལ་དང་ཚོགས་འདུ། མི་སྣའི་གསོ་སྦྱོང་ཆེ་གྲས་སོགས་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོར་ཚོད་འཛིན་ནན་མོ་བྱས་ནས། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ15%ཇེ་ཉུང་དུ་གཏོང་བར་ཁག་ཐེག་བྱེད་པ་དང20%རུ་བསླེབ་པར་བརྩོན་ལེན་བྱ་དགོས།

29. བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།