མཚོ་སྔོན་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལས་བྱའི་ཁུར་པོ་ཇེ་ཡང་དུ་གཏོང་བར་བྱེད་ཐབས་བཅུ་བཏོན་འདུག

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། ཞིང་ཆེན་སློབ་གསོ་ཐིན་གྱིས《འོས་འགན་སློབ་གསོའི་སློབ་གྲྭའི་ལས་བྱའི་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར》སྒྲིག་བཟོ་དཔར་འགྲེམས་བྱས་ཤིང་། དེ་ལས་ལས་བྱའི་དོ་དམ་ཐད་ལ་གཏན་འབེབས་བཅུ་བཏོན་ཏེ། འོས་འགན་སློབ་གསོའི་སློབ་གྲྭའི་ལས་བྱའི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་སྟེ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཁྱིམ་བདག་གི་ལས་བྱའི་ཁུར་པོ་ཇེ་ཡང་དུ་གཏང་རྒྱུ་རེད།

གཅིག ལས་བྱའི་སྤྱིའི་ཁ་གྲངས་གཟབ་ནན་སྒོས་ཚོད་འཛིན་བྱ་དགོས། མང་དྲགས་པའི་ལས་བྱ་བཀོད་སྒྲིག་བྱས་མི་ཆོག

གཉིས། ལས་བྱ་འབྲི་བའི་དུས་ཚོད་འདང་ཚོད་ཅིག་བཀོད་སྒྲིག་བྱ་དགོས། སློབ་མའི་ངལ་གསོའི་དུས་ཚོད་ནང་ལས་བྱ་བཀོད་སྒྲིག་བྱས་མི་ཆོག

གསུམ། ཚན་རིག་དང་མཐུན་པའི་ལས་བྱ་བཀོད་སྒྲིག་བྱ་དགོས། བསྐྱར་ཟློས་དང་ཆད་པ་གཅོད་པའི་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱས་མི་ཆོག

བཞི། ཚད་ལྡན་གྱི་བསླབ་དེབ་ལས་མ་གཏོགས་ཚད་ལྡན་མིན་པའི་དཔེ་ཆ་གཞན་པའི་སྟེང་ནས་ལས་བྱ་བཀོད་སྒྲིག་བྱས་མི་ཆོག

ལྔ། ལས་བྱ་སློབ་མར་བཀོད་སྒྲིག་བྱེད་པ་ལས། ཁྱིམ་བདག་ལ་བཀོད་སྒྲིག་བྱས་མི་ཆོག

དྲུག ཁྱིམ་བདག་ལ་ཁྱིམ་བདག་གི་སློབ་གསོའི་འོས་འགན་གསལ་པོར་བཟོ་རྒྱུ་ལས། ལྷག་མར་སོང་བའི་འགན་ཁུར་ཅི་རིགས་ཁྱིམ་བདག་གི་ཕྲག་ལ་བཀལ་མི་ཆོག

བདུན། ལས་བྱར་དགེ་རྒན་གྱིས་རྟགས་རྒྱག་རྒྱུ་ལས་སློབ་མར་རྟགས་རྒྱག་ཏུ་བཅུག་མི་ཆོག དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་རྗེས་རྟགས་མི་རྒྱག་པའམ། ལས་བྱའི་སྟེང་གི་ནོར་འཁྲུལ་ཡོ་བསྲང་མི་བྱེད་པ། ལས་བྱའི་བཟང་ངན་ལ་ཤན་འབྱེད་མི་བྱེད་པ་སོགས་ཀྱི་སྤྱོད་ངན་བཀག་འགོག་བྱེད་དགོས།

བརྒྱད། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་སློབ་གྲྭའི་ནང་འཛུལ་བར་གཟབ་ནན་སྒོས་ཚོད་འཛིན་བྱ་དགོས། དགེ་རྒན་གྱི་ཁུར་པོ་ཇེ་ལྗིད་དུ་བཏང་མི་ཆོག

དགུ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཁྱིམ་བདག་བརྒྱུད་དེ་སློབ་མའི་ལས་བྱའི་ཁུར་པོ་ཇེ་ལྗིད་དུ་བཏང་མི་ཆོག

བཅུ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། སྒྲིག་འགལ་ངང་ལས་བྱ་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་འགེབ་གསང་བྱས་མི་ཆོག

ལོ་ཙཱ་བ། ལྷ་ཆེན་རྒྱལ།