མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བདེ་བླག་ངང་མཇུག་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་།མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ཟི་ལིང་ཧའེ་ཧུའུ་ཁུལ་གསར་ལུས་རྩལ་ལྟེ་གནས་སུ་བདེ་བླག་ངང་མཇུག་བསྡུས་པ་རེད།

ད་ལོའི་ཟླ6པའི་ཚེས18ཉིན་འགྲན་སྡུར་མགོ་བརྩམས་ཏེ། སྔ་གཞུག་ཏུ་མཚོ་སྔོན་གྱི་ཟི་ལིང་དང་། མཚོ་ལྷོ། རྨ་ལྷོ། ཀན་སུའུ་ཞིང་ཆེན་གྱི་གཙོད་གྲོང་ཁྱེར་དང་ཀླུ་ཆུ། སི་ཁྲོན་ཞིང་ཆེན་འབར་ཁམས་བཅས་ནས་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་བཅས་སྐོར་གསུམ་བརྒྱུད་རྗེས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་འགྲན་ཞུགས་རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དེ་བཞིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་ཐོན་པའི་འགྲན་ཞུགས་རྡུང་ལེན་པ་དཀོན་མཆོག་སྐྱབས་དང་རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་རྫོང་གི་འགྲན་ཞུགས་རྡུང་ལེན་པ་བསམ་ཁོ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་འགྲན་ཞུགས་པ་ཆུང་ཆུང་རྟ་མགྲིན་རྡོ་རྗེ་དང་། མཚོ་བྱང་ཁུལ་མདོ་ལ་རྫོང་གི་གླུ་མ་ཕག་མོ་སྒྲོལ་མ་དང་། རྐང་ཚ་རྫོང་གི་གླུ་བ་དཔལ་ཆེན་རྡོ་རྗེ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཐོན་པའི་གླུ་བ་སྐལ་བཟང་རྣམ་གྲོལ་ལ་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འགྲན་སྡུར་ཁྲོད་དྲ་ལམ་ནས་ཆེས་དགའ་བསུ་ཐོབ་པའི་རྡུང་ལེན་པའི་མཚན་སྙན་ཐོབ། གཞན་ཡང་བྱ་དགའ་སྩོལ་བའི་དགོང་ཚོགས་སྟེང་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་བྱས་རྗེས་བླ་ན་མེད་པ་བཞག་མྱོང་བའི་རྡུང་ལེན་མཁན་དཔལ་མགོན་དང་དབྱངས་རྩོམ་པ་པོ་གྲགས་ཅན་རྒན་པདྨ་གཉིས་ལ་ཚེ་ནོམ་གཟེངས་རྟགས་ཀྱི་བྱ་དགའ་བསྩལ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་མགོན་པོ་ཚེ་རིང་གིས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་སྐལ་བཟང་བཀྲ་ཤིས་ལ་བྱ་དགའ་གནང་བཞིན་པ།

དུས་ཡུན་ཟླ5ཙམ་ལ་སྤེལ་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་བོད་ལྗོངས་དང་།སི་ཁྲོན།ཀན་སུའུ།ཡུན་ནན་བཅས་ནས་འཁྲབ་སྟོན་པ200ལྷག་གདན་འདྲེན་ཞུས་ཏེ། བོད་ལྗོངས་ནག་ཆུའི་སྐོར་བྲོ་དང་། མངའ་རིས་སྒྲ་སྙན། ཡུན་ནན་བདེ་ཆེན་འབའ་གཞས། སི་ཁྲོན་རྒྱལ་རོང་སྐོར་བྲོ་སོགས་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་སྩོལ་བའི་དགོང་ཚོགས་ཕུན་སུམ་ཚོགས་པར་བཏང་བས་དྲ་ལམ་དང་ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།།

མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ། ཐིན་ཀྲང་གཞོན་པ་ལོས་ཞ་ཡིས་དྲ་ལམ་གྱི་དགའ་བསུ་ཨང་དང་པོ་ཐོབ་པའི་སྐལ་བཟང་རྣམ་གྲོལ་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བསོད་ནམས་བདེ་སྐྱིད་གཉིས་ཀྱིས་ཨང་གཉིས་པ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བདེ་མཚོ་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཅུའུ་ཀྲང་གཞོན་པ་སྒྲོལ་མ་ཚེ་རིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་བཅས་ཀྱིས་ཨང་གསུམ་པ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཔལ་ཕྱུག་གིས་ཚེ་ནོམ་གཟེངས་རྟགས་བྱ་དགའ་ཐོབ་མཁན་དཔལ་མགོན་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་པོ་ཡིས་ཚེ་ནོམ་གཟེངས་རྟགས་ཐོབ་མཁན་པདྨ་ལ་བྱ་དགའ་གནང་བཞིན་པ།

རྡུང་ལེན་པ་རྡོ་རེད་དང་གླུ་མ་བཀྲ་ཤིས་སྒྲོལ་མ།

རྩེ་རྒྱན་ཉི་ཤུའི་ནང་ཚུད་པའི་གླུ་བ་གླུ་མ།

གངས་ཅན་པ་སྒྲོལ་མ་སྐྱབས།

གླུ་བ་ཤེར་བསྟན།

སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་ཐོབ་མཁན་གླུ་བ་སྐལ་བཟང་བཀྲ་ཤིས། དྲ་ལམ་ནས་ཆེས་དགའ་བསུ་ཐོབ་པའི་གླུ་བ་སྐལ་བཟང་རྣམ་གྲོལ།

ཨང་གཉིས་པ་ཐོབ་མཁན་གྱི་གླུ་བ་གཉིས་ཀྱིས་མཉམ་ལེན་བྱེད་བཞིན་པ།

ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་གླུ་མ་ཚོས་མཉམ་ལེན་བྱེད་བཞིན་པ།