༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང728པ།

《ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག》ལ་2020ལོའི་ཟླ7པའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས99བའི་སྟེང་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་པ་བཞིན2020ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁེ་ཆང་།

2020ལོའི་ཟླ7པའི་ཚེས5ཉིན།

ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག

དོན་ཚན་དང་པོ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པར་སྐུལ་འདེད་གཏོང་བ་དང་ཁེ་ལས་ཆུང་འབྲིང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱས་པའི་གྲོན་དངུལ་སྤྲོད་དུས་སུ་སྲོལ་ཡིག་འདི་བརྩི་སྲུང་བྱ་དགོས།

དོན་ཚན་གསུམ་པ། སྲོལ་ཡིག་འདིར་བསྟན་པའི་ཁེ་ལས་ཆུང་འབྲིང་ཞེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཁྲིམས་ལྟར་བཙུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་ཁེ་ལས་ཆུང་འབྲིང་དབྱེ་འབྱེད་ཚད་གཞི་ལྟར་ གཏན་ཁེལ་བྱས་པའི་ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཕྲན་གྲས་བཅས་ལ་ཟེར། ཁེ་ལས་ཆེ་གྲས་ཞེས་པ་ནི་ཁེ་ལས་ཆུང་འབྲིང་ཕུད་པའི་ཁེ་ལས་ལ་ཟེར།

ཁེ་ལས་ཆུང་འབྲིང་དང་ཁེ་ལས་ཆེ་གྲས་ནི་གན་རྒྱ་འཇོག་དུས་སུ་ཁེ་ལས་ཀྱི་གཞི་ཁྱོན་ལ་གཞིགས་ནས་གཏན་ཁེལ་བྱེད་པ་ཡིན། ཁེ་ལས་ཆུང་འབྲིང་གིས་ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་བར་དུ་གན་རྒྱ་འཇོག་དུས་སུ་དེ་དག་ལ་རང་རང་ཁེ་ལས་ཆུང་འབྲིང་དུ་གཏོགས་ཚུལ་རང་འགུལ་གྱིས་བཤད་དགོས།

དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཆུང་འབྲིང་སྐུལ་འདེད་བྱ་བར་ཕྱོགས་བསྡུས་དོ་དམ་བྱེད་འགན་ཁུར་བའི་སྡེ་ཁག་གིས་ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པའི་བྱ་བར་སྤྱི་ཁོག་ནས་སློབ་སྟོན་དང་ཕྱོགས་བསྡུས་ཀྱིས་མཐུན་སྦྱོར། ལྟ་སྐུལ་དང་ཞིབ་བཤེར་བཅས་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་འབྲེལ་ཡོད་དོ་དམ་བྱ་བའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པར་དོ་དམ་བྱ་བའི་འགན་འཁུར་དགོས།

དོན་ཚན་ལྔ་བ། འབྲེལ་ཡོད་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། རྩ་འཛུགས་ཀྱི་སྒྲིག་ཡིག་བཅས་ལྟར་ལས་རིགས་རང་གཅུན་བྱེད་ཚུལ་འཐུས་ཚང་དུ་བཏང་ཐོག ལས་རིགས་དེ་གའི་ཁེ་ལས་ཆེ་གྲས་ཀྱིས་གོ་གནས་ཁྱད་སྟོབས་ཅན་ལ་བརྟེན་ནས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མི་སྤྲོད་པའམ་སྤྲོད་ཡུན་ཕྱིར་བགྱང་པ་གཏན་འགོག་བྱེད་པ་དང་། དེས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པའི་འོས་འགན་ལག་བསྟར་བྱེད་ཚུལ་ཚད་ལྡན་དུ་བཏང་ཐོག་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

དོན་ཚན་དྲུག་པ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་ལ་དངུལ་སྤྲོད་དུས་བཅད་དང་སྤྲོད་སྟངས། ཆ་རྐྱེན། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་ལུགས་དང་མི་མཐུན་པའི་ཉོ་ཚོང་གི་ཆ་རྐྱེན་དང་ལེན་བྱ་དགོས་པའི་བླང་བྱ་འདོན་མི་ཆོག་པ་དང་། ཁེ་ལས་ཆུང་འབྲིང་གི་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཀྱི་གྲོན་དངུལ་ཁ་ཆད་དང་འགལ་ནས་འགྱངས་སྤྲོད་དམ་ཆད་ལ་འཇོག་མི་ཆོག

ཁེ་ལས་ཆུང་འབྲིང་གིས་ཁྲིམས་ལྟར་གཉེར་སྐྱོང་དང་ཁ་བཤད་ཚིག་ལ་གནས་ནས་གན་རྒྱའི་ནང་ཁ་ཆད་བཞག་པ་ལྟར་ཚད་ལོན་པའི་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་འདོན་སྤྲོད་བྱ་དགོས།

དོན་ཚན་བདུན་པ། ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་ནོར་སྲིད་ཀྱི་མ་དངུལ་སྤྱད་དེ་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱེད་སྐབས། ཆོག་མཆན་བཀོད་པའི་སྔོན་རྩིས་ལྟར་ལག་བསྟར་ནན་མོ་བྱ་དགོས་པ་ལས། སྔོན་རྩིས་མེད་པའམ་སྔོན་རྩིས་ལས་བརྒལ་ནས་ཉོ་སྒྲུབ་བྱེད་མི་ཆོག

སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞིར་མཁོ་བའི་མ་དངུལ་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས་པ་ལས། ཨར་ལས་སྐྲུན་མཁན་སྡེ་ཚན་གྱིས་མ་དངུལ་སྔ་སྤྲོད་བྱས་ནས་འཛུགས་སྐྲུན་བྱེད་མི་ཆོག

དོན་ཚན་བརྒྱད་པ། ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱས་ན། དེ་དག་རྩིས་སྤྲོད་བྱས་ཉིན་ནས་བཟུང་སྟེ་ཉིན30ཡི་ནང་དུ་གྲོན་དངུལ་སྤྲད་དགོས་པ་དང་། གན་རྒྱའི་ནང་ཁ་ཆད་ལོགས་སུ་བཞག་ཡོད་ན། གྲོན་དངུལ་སྤྲོད་པའི་དུས་ཡུན་ཆེས་རིང་ནའང་ཉིན60ལས་རྒལ་མི་རུང་།

ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱས་ན། ལས་རིགས་ཀྱི་ཚད་གཞི་དང་ཉོ་ཚོང་གི་གོམས་སྲོལ་ལྟར་དངུལ་སྤྲོད་དུས་བཅད་ལུགས་དང་མཐུན་པར་ཁ་ཆད་གཞག་དགོས་པར་མ་ཟད། དུས་ཐོག་ཏུ་གྲོན་དངུལ་སྤྲད་དགོས།

གན་རྒྱའི་ནང་དུ་ལག་བསྟར་བྱས་པའི་འཕེལ་རིམ་དང་དུས་བཅད་ལྟར་བསྡོམས་རྩིས་རྒྱག་པ་སོགས་བྱེད་སྟངས་སྤྱོད་པའི་ཁ་ཆད་བཞག་ཡོད་ན། གྲོན་དངུལ་སྤྲོད་པའི་དུས་བཅད་དེ་ཕྱོགས་གཉིས་ཀས་བསྡོམས་རྩིས་བརྒྱབ་པའི་དངུལ་འབོར་ངེས་གཏན་བྱས་ཉིན་ནས་བཟུང་སྟེ་བརྩི་དགོས།

དོན་ཚན་དགུ་བ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་བར་དུ་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་རྩིས་སྤྲོད་བྱས་པར་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོང་དགོས་པ་དེ་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲོད་པའི་ཆ་རྐྱེན་དུ་བརྩི་རྒྱུའི་ཁ་ཆད་བཞག་ཡོད་ན། གྲོན་དངུལ་སྤྲོད་པའི་དུས་བཅད་དེ་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་ལོངས་པའི་ཉིན་ནས་བཟུང་སྟེ་བརྩི་དགོས།

གན་རྒྱ་འཇོག་མཁན་ཕྱོགས་གཉིས་ཀས་གན་རྒྱའི་ནང་དུ་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་གྱི་དུས་བཅད་ཀྱི་ཁ་ཆད་གསལ་ཞིང་ལུགས་དང་མཐུན་པ་ཞིག་གཞག་དགོས་པར་མ་ཟད། དུས་བཅད་དེའི་ནང་དུ་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་བྱས་ནས་འགྲུབ་དགོས། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་བྱེད་ཡུན་བསྒྱངས་ན། གྲོན་དངུལ་སྤྲོད་པའི་དུས་བཅད་ནི་ཁ་ཆད་བཞག་པའི་ཞིབ་བཤེར་རམ་ཞིབ་བཤེར་རྩིས་ལེན་གྱི་དུས་བཅད་ལོངས་པའི་ཉིན་ནས་བཟུང་སྟེ་བརྩི་དགོས།

དོན་ཚན་བཅུ་བ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་སྤྱད་དེ་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲོད་ན། གན་རྒྱའི་ནང་དུ་ཁ་གསལ་ཞིང་ལུགས་དང་མཐུན་པའི་ཁ་ཆད་གཞག་དགོས་པ་ལས། ཁེ་ལས་ཆུང་འབྲིང་ལ་བཙན་གྱིས་ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་དང་ལེན་བྱེད་དུ་འཇུག་མི་ཆོག་པ་དང་། ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་སྤྱད་དེ་རྣམ་པ་བསྒྱུར་ནས་གྲོན་དངུལ་སྤྲོད་པའི་དུས་བཅད་ཇེ་རིང་དུ་གཏོང་མི་ཆོག

དོན་ཚན་བཅུ་གཅིག་པ། ལས་ཁུངས་དང་དོན་ལས་སྡེ་ཚན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་བཅས་ཀྱིས་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་བྱས་འབྲས་དེ་བསྡོམས་རྩིས་རྒྱག་པའི་གཞི་འཛིན་སར་བརྩི་དགོས་པའི་བླང་བྱ་བཙན་གྱིས་འདོན་མི་ཆོག འོན་ཀྱང་གན་རྒྱའི་ནང་དུ་ཁ་ཆད་གཞན་དག་བཞག་ཡོད་པའམ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་ལོགས་སུ་ཡོད་པ་ཕུད།

དོན་ཚན་བཅུ་གཉིས་པ། བཅའ་ཁྲིམས་ལྟར་བཙུགས་པའི་དམིགས་འཇོག་གི་འབའ་དངུལ་དང་ཁ་ཆད་ལག་བསྟར་གྱི་འབའ་དངུལ། ལས་གྲྭའི་སྤུས་ཚད་ཀྱི་འབའ་དངུལ། གླ་རྒྱག་ཞིང་པའི་གླ་ཕོགས་ཀྱི་འབའ་དངུལ་བཅས་ལས་གཞན། ལས་གྲྭ་སྐྲུན་སྐབས་འབའ་དངུལ་གཞན་པ་སྡུད་མི་ཆོག འབའ་དངུལ་སྡུད་པའི་བསྡུར་ཚད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་འབའ་དངུལ་དེ་ལག་དངུལ་ཁོ་ནར་ཚོད་འཛིན་བྱེད་མི་ཆོག ཁེ་ལས་ཆུང་འབྲིང་གིས་དངུལ་རྩའི་ལས་ཁུངས་ཀྱིས་བཏོན་པའི་ཁག་ཐེག་ཡི་གེ་ལ་བརྟེན་ནས་འགན་ལེན་བྱས་ན། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་དང་ལེན་བྱ་དགོས།

ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་གན་རྒྱའི་ནང་དུ་ཁ་ཆད་བཞག་པ་ལྟར་འགན་ལེན་དུས་བཅད་ལོངས་རྗེས། དུས་ཐོག་ཏུ་ཁེ་ལས་ཆུང་འབྲིང་དང་མཉམ་དུ་བསྡུ་ལེན་བྱས་པའི་འབའ་དངུལ་ལ་ཞིབ་བསྡུར་དང་བསྡོམས་རྩིས་བརྒྱག་དགོས།

དོན་ཚན་བཅུ་གསུམ་པ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁྲིམས་བཀོད་འཐུས་ཚབ་པའམ་འགན་འཁུར་བ་གཙོ་བོ་བརྗེས་པའི་དབང་གིས་ནང་ཁུལ་གྱི་དངུལ་སྤྲོད་བརྒྱུད་རིམ་ལག་བསྟར་བྱེད་བཞིན་པ་དང་། ཡང་ན་གན་རྒྱའི་ནང་ཁ་ཆད་མ་བཞག་པའི་གནས་ཚུལ་འོག་ཏུ་ལས་གྲྭ་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་མཆན་འགོད་བཀའ་ལན་དང་ངེས་རྩིས་རྩིས་བཤེར་སོགས་ལ་སྒུག་པར་ཁ་གཡར་ནས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མི་སྤྲོད་པའམ་འགྱངས་སྤྲོད་བྱེད་མི་ཆོག

དོན་ཚན་བཅུ་བཞི་བ། ཁེ་ལས་ཆུང་འབྲིང་གིས་བསྡུ་དགོས་པའི་རྩིས་དངུལ་གཏའ་མར་བཞག་ནས་མ་དངུལ་བསྡུ་རུབ་བྱེད་པར། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གིས་དབང་ཆ་ངེས་གཏན་གྱི་རེ་བ་ཞུས་ཉིན་ནས་བཟུང་སྟེ་ཉིན30ཡི་ནང་དུ་བུན་དབང་དང་བུ་ལོན་གྱི་འབྲེལ་བ་ངེས་གཏན་བྱས་ནས། ཁེ་ལས་ཆུང་འབྲིང་གིས་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱ་དགོས།

དོན་ཚན་བཅོ་ལྔ་བ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་འགྱངས་སྤྲོད་བྱས་ན། དུས་ལས་ཡོལ་བའི་སྐྱེད་ཀ་སྤྲད་དགོས། དུས་ཡོལ་སྐྱེད་ཀའི་ཚད་ལ་ཕྱོགས་གཉིས་ཀས་ཁ་ཆད་བཞག་ཡོད་ན། སྐྱེད་ཀའི་ཚད་དེ་གན་རྒྱ་འཇོག་དུས་ཀྱི་ལོ་གཅིག་གི་དངུལ་བུན་ཚོང་རའི་རིན་གོང་གི་སྐྱེད་ཀའི་ཚད་ལས་མི་དམའ་བར་བྱ་རྒྱུའི་ཁ་ཆད་བཞག་ཡོད་དགོས། ཁ་ཆད་བཞག་མེད་ན། ཉིན་རེའི་སྐྱེད་ཀའི་ཁྲི་ཆའི་ལྔ་ལྟར་དུས་ཡོལ་སྐྱེད་ཀ་སྤྲད་དགོས།

དོན་ཚན་བཅུ་དྲུག་པ། ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་ལོ་རེའི་ཟླ3པའི་ཚེས་31ཉིན་གྱི་སྔོན་དུ་ལོ་འཁོར་གོང་མའི་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཡོལ་ཡང་མ་སྤྲད་པའི་གན་རྒྱའི་གྲངས་འབོར་དང་དངུལ་འབོར་སོགས་ཀྱི་ཆ་འཕྲིན་དྲ་ཚིགས་དང་ཚགས་པར། དུས་དེབ་སོགས་སྤྱི་དམངས་ཀྱིས་ཤེས་བདེ་བའི་རྣམ་པ་བརྒྱུད་དེ་ཡོངས་བསྒྲགས་བྱ་དགོས།

ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཡོལ་ཡང་མ་སྤྲད་པའི་གན་རྒྱའི་གྲངས་འབོར་དང་དངུལ་འབོར་སོགས་ཆ་འཕྲིན་ཁེ་ལས་ཀྱི་ལོ་འཁོར་གྱི་སྙན་ཞུའི་ནང་བཅུག་ནས། ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།

དོན་ཚན་བཅུ་བདུན་པ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་སྐུལ་འདེད་བྱ་བར་ཕྱོགས་བསྡུས་དོ་དམ་བྱེད་འགན་ཁུར་བའི་སྡེ་ཁག་གིས་སྟབས་བདེ་ཐོགས་མེད་ཀྱི་ཐབས་ལམ་བསྐྲུན་ཏེ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མི་སྤྲོད་པའམ་འགྱངས་སྤྲོད་བྱེད་པར་ཞུ་གཏུག་བྱས་པ་བདག་སྤྲོད་བྱ་དགོས།

ཞུ་གཏུག་བདག་སྤྲོད་བྱེད་མཁན་སྡེ་ཁག་གིས“འདོམས་ཁོངས་ཀྱིས་དོ་དམ་དང་། རིམ་པ་བཀར་ནས་འགན་འཁུར་བ། སུས་གཙོ་གཉེར་བྱས་ན་དེས་འགན་འཁུར་བ”བཅས་ཀྱི་རྩ་དོན་ལྟར་དུས་ཐོག་ཏུ་ཞུ་གཏུག་བྱས་པ་འབྲེལ་ཡོད་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུར་བརྒྱུད་སྤྲོད་བྱ་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པར་མ་ཟད། ཐག་གཅོད་བྱས་འབྲས་ཞུ་གཏུག་བྱེད་མཁན་ལ་བཤད་པ་དང་མཉམ་དུ་ཞུ་གཏུག་བདག་སྤྲོད་བྱེད་མཁན་སྡེ་ཁག་ལ་བརྡ་ལན་ཡང་སྤྲད་དགོས།

ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་མ་དངུལ་དུས་ཐོག་ཏུ་སྤྲོད་པའི་འོས་འགན་མ་བསྒྲུབས་པར་གནས་ཚུལ་ཚབས་ཆེན་བྱུང་ན། ཞུ་གཏུག་བདག་སྤྲོད་བྱེད་མཁན་སྡེ་ཁག་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེའི་དན་ཚིག་ཤོར་བའི་ཆ་འཕྲིན་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་འཇུག་ཆོག་པར་མ་ཟད། ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་དག་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས། དན་ཚིག་ཤོར་བར་ཁྲིམས་ལྟར་ཆད་གཅོད་བསླབ་འདོམས་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། ཞུ་གཏུག་བྱ་ཡུལ་ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་དང་དེ་དག་གི་ལས་བྱེད་མི་སྣས་རྣམ་པ་གང་རུང་སྤྱད་དེ་ཞུ་གཏུག་བྱེད་མཁན་ལ་འཇིགས་སྐུལ་བ་དང་རྡུང་རྡེག་བཏང་ནས་འཁོན་ལན་སློག་མི་ཆོག

དོན་ཚན་བཅུ་དགུ་བ། ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མི་སྤྲོད་པའམ་འགྱངས་སྤྲོད་བྱས་པའི་ལས་ཁུངས་དང་དོན་ལས་སྡེ་ཚན་ལ་གཞུང་དོན་ཕྱོགས་ཀྱི་འཛད་སྤྱོད་དང་གཞུང་ལས་ཁང་། གྲོན་དངུལ་བཀོད་སྒྲིག་སོགས་ཐད་ནས་དགོས་ངེས་ཀྱི་ཚོད་འཛིན་བྱེད་ཐབས་སྤྱད་དགོས།

དོན་ཚན་ཉི་ཤུ་བ། ལས་ཁུངས་དང་དོན་ལས་སྡེ་ཚན། རྒྱལ་དབང་ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲད་ཚུལ་ལ་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་དང་ལྟ་སྐུལ་བྱ་དགོས།

དོན་ཚན་ཉེར་གཅིག་པ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ཏེ། ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པའི་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ལྟར་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཁོར་ཡུག་ལ་དཔྱད་དཔོག་དང་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་སྐབས། ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པའི་བྱ་བ་བསྒྲུབས་ཚུལ་དེ་དཔྱད་དཔོག་དང་གདེང་འཇོག་གི་ནང་དོན་དུ་འཇུག་དགོས།

དོན་ཚན་ཉེར་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཆུང་འབྲིང་སྐུལ་འདེད་བྱ་བར་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་བའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་ཁེ་ལས་ཆུང་འབྲིང་དབྱེ་འབྱེད་ཚད་གཞི་གཞིར་བཟུང་སྟེ། ཁེ་ལས་ཀྱི་གཞི་ཁྱོན་རིགས་སྣ་ཚོད་བརྟག་ལས་སྟེགས་བསྐྲུན་ནས། ཁེ་ལས་ཆུང་འབྲིང་གིས་རང་གི་གཞི་ཁྱོན་རིགས་སྣ་བརྟག་པར་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

ཁེ་ལས་ཆུང་འབྲིང་གི་གཞི་ཁྱོན་རིགས་སྣ་ཐད་ནས་རྩོད་གཞི་ཡོད་ན། ཁེ་ལས་ཆུང་འབྲིང་ཡིན་འདོད་པའི་ཕྱོགས་དེ་ཉིད་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་སྐུལ་འདེད་བྱ་བར་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་བའི་སྡེ་ཁག་ལ་ངོས་འཛིན་པའི་རེ་འདུན་ཞུ་ཆོག

དོན་ཚན་ཉེར་བཞི་བ། བཅའ་ཁྲིམས་ཞབས་ཕྱིའི་ལས་ཁུངས་ཀྱིས་ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་བར་དུ་གཏོང་སྤྲོད་ཀྱི་རྩོད་གཞི་ཡོད་པའི་ཁེ་ལས་ཆུང་འབྲིང་ལ་བཅའ་ཁྲིམས་ཕྱོགས་ནས་ཞབས་ཕྱི་འདོན་སྤྲོད་བྱེད་པར་རྒྱལ་ཁབ་ཀྱིས་ཡར་སྐུལ་བྱ་དགོས།

གསར་འགྱུར་སྨྱན་སྦྱོར་གྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཐོག་ཏུ་སྤྲོད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲིད་ཇུས་བཅས་སྤྱི་ཕན་དྲིལ་བསྒྲགས་བྱས་ཏེ། ལས་ཁུངས་དང་དོན་ལས་སྡེ་ཚན། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མི་སྤྲོད་པའམ་འགྱངས་སྤྲོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་གླེང་ཕྱོགས་ཀྱིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས།

དོན་ཚན་ཉེར་ལྔ་བ། ལས་ཁུངས་དང་དོན་ལས་སྡེ་ཚན་ལ་སྲོལ་ཡིག་འདི་དང་འགལ་བའི་གཤམ་གསལ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ། དེའི་གོང་རིམ་ལས་ཁུངས་དང་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པའི་འགན་དཀྲི་དགོས་ཤིང་། གལ་ཏེ་ཡོ་བསྲང་མི་བྱེད་ན། ཐད་ཀར་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅད་དགོས་ཏེ།

(གཅིག)གཏན་འབེབས་བྱས་པའི་དུས་བཅད་ནང་ཁེ་ལས་ཆུང་འབྲིང་གི་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཀྱི་གྲོན་དངུལ་མ་སྤྲད་པ།

(གཉིས)ཞིབ་བཤེར་དང་ཞིབ་བཤེར་རྩིས་ལེན་བྱེད་ཡུན་བསྒྱངས་པ།

(གསུམ)ཁེ་ལས་ཆུང་འབྲིང་ལ་བཙན་ཤེད་ཀྱིས་ཚོང་ལས་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་དང་ལེན་བྱེད་དུ་བཅུག་པའམ་ཚོང་ལས་དངུལ་འགྲུལ་འཛིན་ཡིག་སོགས་ལག་དངུལ་མིན་པའི་གཏོང་སྤྲོད་བྱེད་སྟངས་སྤྱད་དེ། རྣམ་པ་བསྒྱུར་ནས་གྲོན་དངུལ་གཏོང་སྤྲོད་ཀྱི་དུས་ཡུན་བསྒྱངས་པ།

(བཞི)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའམ་གན་རྒྱའི་ནང་ཁ་ཆད་བཞག་མེད་པར་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་བྱས་འབྲས་དེ་བསྡོམས་རྩིས་རྒྱག་པའི་གཞི་འཛིན་སར་བརྩི་དགོས་པའི་བླང་བྱ་བཏོན་པ།

(ལྔ)ཁྲིམས་འགལ་གྱིས་འབའ་དངུལ་བསྡུ་ལེན་བྱས་ཤིང་། ཁེ་ལས་ཆུང་འབྲིང་གིས་འདོན་སྤྲོད་བྱས་པའི་དངུལ་རྩའི་ལས་ཁུངས་ཀྱི་འགན་ལེན་ཡི་གེ་དང་ལེན་མི་བྱེད་པ་དང་། ཡང་ན་ཁེ་ལས་ཆུང་འབྲིང་ལ་དུས་ཐོག་ཏུ་འབའ་དངུལ་ཞིབ་དཔྱད་དང་བསྡོམས་རྩིས་མ་བརྒྱབ་པ།

(དྲུག)ཁྲིམས་བཀོད་འཐུས་ཚབ་པའམ་འགན་འཁུར་བ་གཙོ་བོ་བརྗེས་ནས་ནང་ཁུལ་གྱི་དངུལ་སྤྲོད་གོ་རིམ་ལག་བསྟར་བྱེད་བཞིན་པར་ཁ་གཡར་བ་དང་། ཡང་ན་གན་རྒྱའི་ནང་དུ་ཁ་ཆད་བཞག་མེད་པའི་གནས་ཚུལ་འོག་ཏུ་ལས་གྲྭ་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་མཆན་འགོད་བཀའ་ལན་དང་ངེས་རྩིས་རྩིས་བཤེར་སོགས་ལ་སྒུག་པར་ཁ་གཡར་ཏེ། ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་མ་སྤྲད་པའམ་འགྱངས་སྤྲོད་བྱས་པ།

(བདུན)ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཡོལ་ཡང་མ་སྤྲད་པའི་ཆ་འཕྲིན་གཏན་འབེབས་ལྟར་ཡོངས་བསྒྲགས་མ་བྱས་པ།

(བརྒྱད།)ཞུ་གཏུག་བྱེད་མཁན་ལ་འཇིགས་སྐུལ་བ་དང་རྡུང་རྡེག་བཏང་ནས་འཁོན་ལན་བསློགས་པ་བཅས་ཡིན།

དོན་ཚན་ཉེར་དྲུག་པ། ལས་ཁུངས་དང་དོན་ལས་སྡེ་ཚན་ལ་གཤམ་གསལ་གྱི་གནས་ཚུལ་ལས་གཅིག་ཡོད་ན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལྟར་འགན་འཁྲི་བདའ་འདེད་བྱ་དགོས་ཏེ།

(གཅིག)ནོར་སྲིད་ཀྱི་མ་དངུལ་སྤྱད་དེ་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱེད་སྐབས་ཆོག་མཆན་བཀོད་པའི་སྔོན་རྩིས་ལྟར་ལག་བསྟར་མ་བྱས་པ།

(གཉིས)སྲིད་གཞུང་གིས་མ་དངུལ་གཏང་དགོས་པའི་ལས་གཞི་དེར་ཨར་ལས་སྐྲུན་མཁན་སྡེ་ཚན་ལ་མ་དངུལ་སྔ་གཏོང་བྱས་ནས་འཛུགས་སྐྲུན་བྱ་དགོས་པའི་བླང་བྱ་བཏོན་པ།

དོན་ཚན་ཉེར་བདུན་པ། ཁེ་ལས་ཆེ་གྲས་ཀྱིས་སྲོལ་ཡིག་འདི་དང་འགལ་ནས་ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་ནང་དུ་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་དུས་ཡོལ་ཡང་མ་སྤྲད་པའི་ཆ་འཕྲིན་གཏན་འབེབས་ལྟར་སྤྱི་བསྒྲགས་མ་བྱས་པ་དང་། ཡང་ན་གནས་ཚུལ་ངོ་མ་སྦ་གསང་དང་མི་བདེན་རྫུན་སྒྲིག་བྱས་པར་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅད་དགོས།

རྒྱལ་དབང་ཁེ་ལས་ཆེ་གྲས་ཀྱིས་གན་རྒྱའི་ནང་དུ་ཁ་ཆད་བཞག་མེད་པའམ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པར་རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་བྱས་འབྲས་དེ་བསྡོམས་རྩིས་རྒྱག་པའི་གཞི་འཛིན་སར་བརྩི་དགོས་པའི་བླང་བྱ་བཏོན་ན། དེའི་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པའི་འགན་དཀྲི་དགོས། གལ་ཏེ་ཡོ་བསྲང་མི་བྱེད་ན། ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅད་དགོས།

དོན་ཚན་ཉེར་བརྒྱད་པ། ཚོགས་པ་དང་རྩ་འཛུགས་ཀྱིས་ནོར་སྲིད་ཀྱི་མ་དངུལ་ཆ་ཤས་སམ་ཡོངས་རྫོགས་སྤྱད་དེ་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱས་པའི་གྲོན་དངུལ་སྤྲོད་དུས། སྲོལ་ཡིག་འདི་ལས་ལས་ཁུངས་དང་དོན་ལས་སྡེ་ཚན་ལ་འབྲེལ་ཡོད་གཏན་འབེབས་བྱས་ཡོད་པ་ལྟར་ལག་བསྟར་བྱ་དགོས།

དམག་དཔུང་གིས་ཁེ་ལས་ཆུང་འབྲིང་ནས་དངོས་ཟོང་དང་ལས་གྲྭ། ཞབས་ཕྱི་བཅས་ཉོ་སྒྲུབ་བྱས་པའི་གྲོན་དངུལ་སྤྲོད་དུས། དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་ཉེར་དགུ་བ། སྲོལ་ཡིག་འདི2020ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།