ལས་གླ་ཆད་འགྱངས་ཀྱི་གནས་ཚུལ་ཞིང་ཆེན་ཡོངས་ཁྱབ་ནས་ཐག་གཅོད་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།     ཉེ་ཆར། མཚོ་སྔོན་ཞིང་ཆེན་ནས་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་ཆད་འགྱངས་ཀྱི་གནས་ཚུལ་ཐག་གཅོད་བྱེད་པའི་ལས་འགུལ་སྤེལ་འགོ་བརྩམས་ཤིང་། ཟླ11པའི་ཚེས12ཉིན་ནས2021ལོའི་ལུགས་རྙིང་ལོ་སར་སྔོན་ལ་ནས། 2020ལོའི་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་པའི་སྲིད་གཞུང་གི་མ་འཇོག་ལས་གྲྭའི་ལས་གཞི་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གཞི། དེ་བཞིན་རིགས་ཁག་གི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལས་གཞི་ཡིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་དང་དེ་བཞིན་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་གཞན་དག་བཅས་ལ་གཅིག་སྡུད་ཐོག་གཙང་བཤེར་བྱས་པ་རེད། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ2021ལོའི་དཔྱིད་གསར་དུས་ཆེན་གོང་ཚང་མ་གཙང་སེལ་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཆེད་དོན་ལག་ལེན་ནང་ཞིང་པ་ལས་མི་ཅུང་མང་བའི་ཨར་བཟོ་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་མང་འདུས་ཅན་གྱི་ལས་སྣོན་བཟོ་སྐྲུན་དང་། དེ་བཞིན་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ལས་རིགས་གཙོ་གནད་དུ་བཟུང་ཡོད། གཙོ་གནད་ཐོག་མི་སྤྱོད་ཚན་པས་ཁྲིམས་ལྟར་དུས་ཐོག་ཏུ་ཞིང་པ་ལས་མིའི་གླ་ཆ་འདང་ངེས་སྤྲོད་པའི་གནས་ཚུལ་གྲལ་བཤེར་བྱེད་པ་དང་། སྲིད་གཞུང་གི་མ་འཇོག་ལས་གྲྭའི་ལས་གཞི་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གཞི། དེ་བཞིན་རིགས་ཁག་གི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལས་གཞིའི་ཞིབ་མཆན་དོ་དམ་དང་། མ་དངུལ་ལྟ་སྐུལ། ལས་གྲྭའི་མ་དངུལ་བཅས་དུས་བཀག་ལྟར་འདང་ངེས་སྤྲད་ཚུལ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་དང་། ཨར་སྐྲུན་སྤྱིའི་འགན་གཙང་ལེན་མཁན་ཚན་པར་གླ་ཕོགས་ཚབ་སྤྲོད། ཞིང་པ་ལས་མིའི་དངོས་མིང་ལམ་ལུགས་དོ་དམ། གླ་ཕོགས་འགན་ལེན་དངུལ་གསོག་ཉར། དབང་སྲུང་ཆ་འཕྲིན་ཡོངས་སྒྲོག་སོགས་གླ་ཕོགས་གཏོང་སྤྲོད་འགན་ལེན་ལམ་ལུགས་དོན་འཁྱོལ་བྱས་པའི་གནས་ཚུལ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱས་ནས་ངལ་རྩོལ་གླ་ཆ་གཏན་ནས་མི་སྤྲོད་པའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ། གླ་ཕོགས་འགྱངས་ཆད་ཀྱི་ཁྲིམས་འགལ་ལག་ལེན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་ཆད་གཅོད་བསླབ་འདོམས་ཀྱི་གནས་ཚུལ་དང་གླ་ཕོགས་འགྱངས་ཆད་ཀྱི་ལས་ཀའི་འགན་འཛོལ་དང་འགན་འཁྲི་ཤོར་བའི་བྱེད་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་བཏང་ཡོད།

2020ལོར“གཞི་རྩའི་ཆ་ནས་ཆད་འགྱངས་མི་ཡོང་བའི”དམིགས་འབེན་མངོན་འགྱུར་བྱ་ཆེད། རང་ཞིང་གིས་གྲོང་ཁྱེར་དང་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ལ་བླང་བྱ་གཞིར་བཟུང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་། གྲོང་ཁྱེར་དང་ཁུལ་ཁག་གི་གཏོགས་ཁོངས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་བཏང་ནས་ཕན་འབྲས་མཐོ་བ་དང་། དོ་སྙོམས། རྒྱུན་མཐུད་བཅས་ཀྱི་གླ་ཕོགས་འགྱངས་ཆད་ཐག་གཅོད་ཀྱི་ལམ་སྲོལ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སྐུལ་སྒྲུབ་དང་ལྡོག་འདྲེན་བརྡ་ཁྱབ་བྱེད་ཤུགས་ཆེ་རུ་གཏང་དགོས། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྐྲུན་བཞིན་པའི་ཨར་ལས་ལས་གཞི་ཚང་མར་ཕྱོགས་ཡོངས་ནས་གྲལ་བཤེར་དང་གྲལ་བཤེར་གྱི་རྩིས་ཐོ་བཟོས་པ། སྐྲུན་བཞིན་པའི་ཨར་ལས་ལས་གཞི་དང་། གྲོང་ཁྱེར་ཡོངས་དང་ཀྲོའུ་ཡོངས་ཀྱི་ལྟ་ཞིབ་པས་ལས་གཞི་དང་། གླ་ཆ་འགྱངས་ཆད་ཀྱི་མངོན་མེད་རྐྱེན་ངན་དང་། མཚོ་སྔོན་གྱི12345ཡིས་བཏོན་པའི་གནད་དོན། རིམ་ཁག་གིས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྱོད་གཞིའི“གསལ་ཐོ་བཞི”བཅས་གྲུབ་ཡོད། ངལ་རྩོལ་གླ་ཆ་གཏན་ནས་མི་སྤྲོད་པའི་ཉེས་གསོག་གྱོད་གཞི་སྐྱེལ་སྤྲོད་དང་མྱུལ་ཞིབ་བྱས་ནས་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ལ་དམ་སྒྲོག་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།