“རྟ་ཐང་སྐམས་ཤ”ལ་ཀྲུང་གོ་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་འགྲེམས་སྟོན་སྟེང་གསེར་གྱི་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ 11ཚེས18ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། ཉེ་ལམ་སྤེལ་བའི་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་དངོས་མང་བཤམས་འགྲེམས་ཚོགས་ཆེན་སྐབས་བཅུ་བཞི་པའི་སྟེང་། རང་ཞིང་གི་རྟ་ཐང་གི་སྐམས་གསོ་ར་བའི“སྐམས་ཤ”ལ་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་དངོས་མང་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ།

ཤེས་གསལ་ལྟར་ན། རྟ་ཐང་སྐམས་ཤ་ནི་མཚོ་འཕགས་སྨི2800ཡན་གྱི་གནོད་མེད་རང་བྱུང་གི་རྩྭ་ཆུ་ལ་བརྟེན་ནས་གསོ་ཚགས་བྱས་པས་སྐྱེ་ལྡན་ཟས་རིགས་ལྷད་མེད་ཅིང་སྤུས་དག་པ་འདི་གྲུབ་པ་ཡིན། 2002ལོའི་ཟླ9པར“རྟ་ཐང་སྐམས་ཤ”ལ་གནོད་མེད་ཞིང་ལས་ཐོན་རྫས་ཀྱི་དཔང་ལྡན་ར་སྤྲོད་ཐོབ། 2005ལོའི་ཟླ་བ12པར་ཀྲུང་གོའི་ལྷད་མེད་ཟས་རིགས་གོང་སྤེལ་ལྟེ་གནས་ཀྱི“AA”རིམ་པའི་ལྷད་མེད་ཟས་རིགས་དཔང་ལྡན་ར་སྤྲོད་དང་ཀྲུང་ལུའུ་ཧྭ་ཞ་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་ལྡན་ར་སྤྲོད་ཐོབ། 2013ལོའི་ཟླ12པར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གཤིས་མཚོན་བྱེད་སྲུང་སྐྱོབ་ཐོན་རྫས”ཀྱི་ཆོག་འཐུས་སྤྲད་ཅིང་། མཚོ་སྔོན་ཞིང་ཆེན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་གཟེངས་རྟགས་འདི་ཐོབ་མཁན་ཨང7པ་རེད། ལྷད་མེད་ཟས་རིགས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་ཁྲོམ་རའི་ཁས་ལེན་བྱེད་མཁན་ཇེ་མང་ཡིན་པ་དང་བསྟུན་ནས2017ལོར་བདེ་བླག་ངང་ནས་ཀྲུང་གོའི་ཞིང་ལས་ཐོན་རྫས་གྲགས་ཅན་བརྒྱའི་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཀྱི་མིང་ཐོར་ཚུད་པ་མ་ཟད།2018ལོར་ཀྲུང་གོའི་ཁོངས་ཀྱི་ཞིང་ལས་ཚོང་རྟགས་གྲགས་ཅན་གྱི་མཚན་སྙན་ཆེ་ཆེར་ལྡན་པ་བཅུའི་གྲས་སུ་ཚུད།

ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་དངོས་མང་བཤམས་འགྲེམས་ཚོགས་ཆེན་ནི་རྒྱལ་ནང་གི་སྐྱེ་ལྡན་ཟས་རིགས་ཐོན་ལས་ཀྱི་དབང་གྲགས་ཆེ་བའི་ཆེད་ལས་རང་བཞིན་དང་། གཞི་ཁྱོན་ཆེ་ཤོས་ཀྱི་ཉོ་ཚོང་ཚོང་ཚོགས་ཤིག་ཡིན། ཐེངས་འདིའི་གསེར་གྱི་རྟགས་མས“རྟ་ཐང་སྐམས་ཤའི”ཁོངས་གཏོགས་ཀྱི་ཁྱད་ལྡན་ཟས་རིགས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བར་སྐུལ་འདེད་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་སྤེལ་དང་ས་གནས་ཀྱི་ཚོང་རྟགས་གྲགས་ཅན་གསར་གཏོད་ལ་དོན་སྙིང་ཆེན་པོ་ལྡན་པ་རེད།

ཁོན་ཐར་འཚོས་བསྒྱུར།