རང་ཞིང་གིས་ཉོ་འཚོང་ཁེ་ལས་གསབ་སྦྱོང་གི་གསར་སྐྲུན་ནུས་པ་མཐོར་འདེགས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་སྤུས་ལེགས་ཉོ་འཚོང་ཁེ་ལས་ནང་འདྲེན་དང་། ས་གནས་ཀྱི་ཚོང་དོན་ཁེ་ལས་གསབ་སྦྱོང་བྱེད་ཤུགས་ཆེས་ཆེར་བཏང་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་བླངས་ཡོད་ལ། ངོ་སྤྲོད་ལས་ཤེས་གསལ་ལྟར་ན། ད་ལོ་ཞིང་ཆེན་ཡོངས་ཀྱིས་ཁེ་ལས་གསབ་སྦྱོང་ཐད་ལ་ལོ་རྒྱུས་སྟེང་བྱུང་མ་བྱུང་བའི་ཐོད་བརྒལ་ཅིག་བྱུང་ཡོད།

2020ལོའི་ཟླ9པའི་བར། རང་ཞིང་ལ་གསར་དུ་ཐོན་པའི་ཉོ་འཚོང་ཁེ་ལས697ཡོད་ཅིང་། དེ་དག་ནི་རིགས་བཀར་བྱས་ན་ཚད་ཡོད་ཁེ་ལས665 ཐོན་ལས་བྱ་འགུལ་ལས་ཁུངས15 མི་སྒེར་ཚོང་གཉེར་མཁན་ཆེན་པོ17 ཡོད། ལས་རིགས་ལྟར་ན་སྡེབ་འཚོང་ཁེ་ལས210དང་སིལ་འཚོང་ཁེ་ལས285 ཞག་སྡོད་ལས་རིགས་ཁང133 གསོལ་ཚིགས་ལས་རིགས69ཡོད། ས་ཁུལ་ལྟར་དབྱེ་ན་ཟི་ལིང་གྲོང་ཁྱེར་དུ439དང་མཚོ་ཤར་དུ58 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ17 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ12 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ29 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ4 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ2 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ136བཅས་ཡོད་ལ། ནང་སྒོས་སུ2020ལོར་གསར་དུ་འཕར་བའི་ཁེ་ལས125དང་གསར་འཕར་ཚད་གཞི་དེ21.8%ལ་སླེབས་ཡོད། ཡར་སྔོན་དུ་ཚད་བརྒལ་ཡོངས་འགྲུབ་བྱུང་བའི་ཉོ་འཚོང་ཁེ་ལས60ཡི་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་གསབ་སྦྱོང་གྲུབ་འབྲས་དེ་ལོ་འདི་དག་རིང་གི་ལོ་རྒྱུས་ཀྱི་མཐོ་གསར་དུ་སླེབས་འདུག

དེ་དང་ཆབས་ཅིག ད་ལོ་ཞིང་ཆེན་ཡོངས་ཀྱི་སྡེབ་འཚོང་ལས་རིགས་ཕྱིར་འཚོང་གི་ཁ་གྲངས་ནུས་པ་དེ་མགྱོགས་མྱུར་ངང་འཕར་བ་རེད་ལ། ཟླ1-9པའི་བར། ཞིང་ཆེན་ཡོངས་ཀྱི་སྡེབ་འཚོང་ལས་རིགས་ཀྱི་ཕྱིར་འཚོང་ཁ་གྲངས་དེ་སྒོར་དུང་ཕྱུར1277.2ལ་སླེབས་པ་དང་ལོ་སྔོན་མ་དང་བསྡུར་ན9.5%འཕར་ཡོད་པ་རེད། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་ཐོན་ལས་གསུམ་པས་འཕར་སྣོན་རིན་ཐང་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅིང་། དེའི་ཁྲོད་མ་དངུལ་ཚད་བཀག་གི་སྡེབ་འཚོང་ཁེ་ལས་དེ་ལོ་སྔོན་མ་ལས19.4%འཕར། འཕར་སྣོན་མྱུར་ཚད་དེ་ཟླ1-8པའི་བར་བརྒྱ་ཆའི3.4ཡིན། ནང་སྒོས་སུ་ཟླ9པ་ནི་ཟླ་སྔོན་མ་ལས45.4%འཕར། འཚར་ཚད་མཐོར་འདེགས་བྱུང་འདུག བྱས་རྗེས་ཀྱི་ཚད་གཞིའི་ངོས་ཐད་ནས་བལྟས་ན། ལྕགས་རིགས་རྒྱུ་ཆའི་རིགས་ཀྱི་བྱས་རྗེས་སྡུར་ཚད་ཆེས་ཆེ་ཞིང་ཟིན་ཚད་དེ41%ལ་སླེབས། དེའི་འཕྲོར་དུ་ཆང་གི་རིགས་དང་སྨན་རྫས་རིགས་མངོན་འགྱུར་བརྟན་འཇགས་ངང་འཕར་མོད། འོན་ཀྱང་བསྡུར་ཚད་ཅུང་ཆེ་བའི་བཟའ་སྣུམ་ཕྱིར་འཚོང་དེ་མུ་མཐུད་དུ་མར་འགྲིབ་ཡོད།

དེ་མིན་ད་ལོ་ཞིང་ཆེན་ཡོངས་ཀྱི་ཁེ་ལས་གཙོ་བོ་དག་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་ཐུབ་པ་ཧ་ཅང་མངོན་གསལ་ཡིན་ཞིང་། ད་ལོ་ནས་བཟུང་ཞིང་ཆེན་ཚོང་དོན་ཐིན་གྱི་མཛུབ་སྟོན་གྲོས་མཐུན་སྙོམས་སྒྲིག་དང་སྐུལ་འདེད་ཆེན་པོའི་འོག་ས་ཁུལ་སོ་སོས་ཚོང་བསྡུའི་ནུས་ཤུགས་ཆེས་ཆེར་བཏང་པ་དང་། ཚོང་བསྡུའི་ཐོན་དངོས་མཚོ་སྔོན་ཚད་ཡོད་ཀུང་ཟི་དང་ཀྲུང་ཆན་མཚོ་སྔོན་ཆན་གློག་ཚད་ཡོད་ཀུང་ཟི་གཉིས་གཙོར་བྱས་པའི་ཚོང་དོན་ཁེ་ལས་ཆེན་པོ་དག་འཕྲོ་རིམ་འཕྲོར་རང་ཞིང་དུ་རྐང་ཚུགས་ནས་རང་ཞིང་གི་སྡེབ་འཚོང་ལས་རིགས་ཐད་ལ་གནད་འགག་གི་བྱེད་ནུས་ཐོན་ཡོད། དེའི་ཁྲོད་ཚོང་འགུགས་དངོས་རྫས་མཚོ་སྔོན་ཚད་ཡོད་ཀུང་ཟི་དང་། ཀྲུང་གོའི་རླངས་སྣུམ་ནུབ་བྱང་ཕྱིར་འཚོང་མཚོ་སྔོན་ཡན་ལག་ཀུང་ཟིའི་ཟླ1-9པའི་ཕྱིར་འཚོང་ཚད་གཞི་སོ་སོ་སྒོར་དུང་ཕྱུར180དང་དུང་ཕྱུར50ལ་བུད་ནས། ལྕགས་རིགས་་ལས་རིགས་དང་སྣུམ་རིགས་ལས་རིགས་ཁྲོད་ཀྱི་སྣེ་ཁྲིད་ཁེ་ལས་སུ་གྱུར་བ་དང་རང་ཞིང་གི་སྡེབ་འཚོང་ལས་རིགས་ཀྱི་མྱུར་ཚད་ཐད་ལ་ཡང་སྒུལ་ཤུགས་གསར་པ་ཞིག་ཁ་སྣོན་བྱས། སྡོམ་རྩིས་ལྟར་ན་ཟླ9པའི་ནང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལྕགས་རིགས་སྡེབ་འཚོང་ཁེ་ལས10ཡི་ཕྱིར་འཚོང་ཁ་གྲངས་ཀྱི་འཕར་ཚད་སྒོར་དུང་ཕྱུར47.11དང་སྡེབ་འཚོང་ཁེ་ལས་ཀྱི་ཡོང་སྒོའི་འཕར་ཚད་དེ་བརྒྱ་ཆའི59.1ལ་སླེབས་སུ་བཅུག

དེ་མིན་ཞིང་ཆེན་ཚོང་དོན་ཐིན་གྱིས་ས་ཁུལ་སོ་སོའི་ཚོང་འགུག་མ་དངུལ་ནང་འདྲེན་བྱེད་པའི་ཚད་གཞི་ལ་མུ་མཐུད་དུ་མཛུབ་སྟོན་དང་སྤུས་ལེགས་ཉོ་འཚོང་ཁེ་ལས་རང་ཞིང་དུ་རྐང་ཚུགས་རྒྱུ་བརྩོན་ལེན་བྱས་ཤིང་། དེ་དང་ཆབས་ཅིག སྣེ་ཁྲིད་རང་བཞིན་གྱི་ཁེ་ལས་དག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན། ཕྱིར་འཚོང་རྒྱུ་ལམ་རྒྱ་སྐྱེད་ངང་ཁེ་ལས་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་རྒྱུར་རོགས་འདེགས་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་ཀྱི་ཚོང་རའི་བརྟན་འཇགས་འཁོར་སྐྱོད་ལ་གསོན་ཤུགས་གསར་པ་ཞིག་བསྣན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།