པན་ཡན་སྡེ་གསར་དཔེ་ཀློག་གི་དབྱངས་རྟས་ཁེངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཧྲི་ཝུའུ་གྲོང་རྡལ་པན་ཡན་སྡེ་གསར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གསར་འགོད་པར་བཤད་རྒྱུར། “ང་ཚོའི་ཞིང་ཁྱིམ་དཔེ་ཁང་འདི་ནི2019ལོའི་ཟླ10པའི་ནང་བཙུགས་པ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་ང་ཚོར་དཔེ་ཆ་མང་པོའི་ཞལ་འདེབས་གནང་མྱོང་། ཞིང་ཁྱིམ་དཔེ་ཁང་འདི་བཙུགས་པས་སྡེ་མི་དག་གིས་རང་ཁྱིམ་ནས་རང་ཉིད་ལ་ཀློག་མོས་ཆེ་བའི་དཔེ་ཆ་ཀློག་ཐུབ་པར་གྱུར་པས། ང་ཚོར་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་མཁོ་སྤྲོད་ཐུབ་པར་གྱུར”ཟེར།

ལོ་འདི་དག་གི་རིང་ལ། པན་ཡན་སྡེ་གསར་གྱིས་ཁྱད་ལྡན་ཞིང་ཁྱིམ་དཔེ་ཁང་གསར་འཛུགས་བྱེད་པར་ནུས་ཤུགས་གང་ཡོད་བཏོན་པས། རྨིད་གྲུ་བཞི་མ30ལྷག་གི་ཞིང་ཁྱིམ་དཔེ་ཁང་དེ་དངོས་སུ་འཛུགས་ཐུབ་པར་གྱུར་ལ། དཔེ་དེབ་རིགས་མི་འདྲ་བ2425ལྷག་ཉར་ཚགས་སྒོས་སྡེ་མི་དག་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་། ངོ་སྤྲོད་བྱས་པ་ལྟར་ན། པན་ཡན་སྡེ་གསར་ཞིང་ཁྱིམ་དཔེ་ཁང་གིས་སྡེ་མི་དག་གི་དངོས་ཡོད་འཚོ་བར་དགོས་མཁོ་ཆེ་བའི་དཔེ་ཆ་གསར་དུ་ཁ་སྣོན་ངང་ཞིང་བ་དག་ལ་གནས་ཚུལ་གསར་པ་དང་ཤེས་བྱ་གསར་པ་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད་ལ། དེ་མིན་ས་གནས་སྡེ་མི་དག་གི་རིག་གནས་ཆུ་ཚད་དང་ཞིང་ལས་ཐོན་རྫས་ཀྱི་སྒྲིག་གཞི། ས་ཁམས་ཡུལ་སྲོལ་སོགས་སྡེ་བའི་གནས་ཚུལ་གཞིར་བཟུང་སྟེ། ནང་དོན་བདེ་ཐང་དང་དོན་དངོས་བེད་སྤྱད་ཐད་ལ་ཕན་ནུས་དྲག་པོ་ལྡན་པའི་དཔེ་ཆ་ལེགས་པོ་མང་པོ་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད། དཔེར་ན་ཞིང་བ་དག་གིས་དགའ་བསུ་ཐོབ་པའི་འདེབས་འཛུགས་གསོ་སྤེལ་ལག་རྩལ་སྐོར་གྱི་དཔེ་ཆ་ལྟ་བུ། ད་རུང་སློབ་མ་དག་ལ་ཀློག་འདུན་ཆེ་བའི་རིག་གནས་སྐོར་གྱི་དཔེ་ཆ་སོགས་ཡོད་པས། སྡེ་མི་དག་ཀློག་རྒྱུར་དགའ་ཞིང་བཀླགས་ན་དོན་གོ་སླ་པས། གྲུབ་འབྲས་མི་མངན་པ་ཞིག་འཐོབ་ཐུབ་པར་བཤད།

སྡེ་མི་ལིས་ཧོང་ཝུན་གྱིས་བཤད་རྒྱུར། ཁོ་ནམ་རྒྱུན་དཔེ་ཁང་དུ་དཔེ་ཆར་ལྟ་རུ་སོང་བ་ཡིན་ལ། གཙོ་བོ་འདེབས་འཛུགས་སྐོར་གྱི་དཔེ་ཆ་ལ་བལྟས་པ་ཡིན། ད་ལྟ་རང་ཁྱིམ་གྱི་ཉེ་ས་རུ་རིན་མེད་སྒོས་དཔེ་ཆ་འདི་ལྟ་བུ་ཀློག་ཐུབ་ལ། སྔོན་ཆད་ཆ་རྐྱེན་དེ་འདྲ་ཞིག་གཏན་ནས་མེད་ཟེར།

ད་ལོ་ལོ50ལ་སོན་པའི་མ་ཀྲན་རོང་གིས་ཝུའུ་ཧྲི་གྲོང་རྡལ་དུ་ཚོང་རྒྱག་བཞིན་ཡོད་ལ། ཁོ་མོར་ཁོམ་གསེང་བྱུང་དུས་ཞིང་ཁྱིམ་དཔེ་ཁང་དུ་སོང་ནས་དཔེ་ཀློག་བྱེད་ལ། བདེ་ཁམས་ཁམས་གསོའི་རིགས་ཀྱི་དཔེ་ཆ་ནི་ཁོ་མོའི་མ་འདེམས་རང་འདེམས་སུ་གྱུར། ཁོ་མོས་བཤད་རྒྱུར། ཞིང་ཁྱིམ་དཔེ་ཁང་དུ་དཔེ་ཆ་རིགས་འདྲ་མིན་མང་པོ་ཡོད་ཅིང་། དེ་ཡང་རང་ཉིད་ལོ་བགྲེས་པའི་དབང་གིས་ཁ་པར་དྲ་རྒྱ་ལས་ཀློག་འདོན་བྱེད་དཀའ་པས་དཔེ་ཆ་ཅུང་སྟབས་བདེ་ཞིག་ཡིན་ཟེར།

དེ་ཡང2019ལོར་ཞིང་ཁྱིམ་དཔེ་ཁང་གསར་འཛུགས་བྱས་པ་ནས་བཟུང་། པན་ཡན་སྡེ་གསར་གྱིས་ཞིང་ཁྱིམ་དཔེ་ཁང་གསར་འཛུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་ལག་བསྟར་བྱེད་པའི་བཟོ་སྐྲུན་དུ་བཞག་ནས། ཁོངས་ཧྲིལ་བོར་ཡུལ་སྐོར་དཔེ་སྟོན་ཆུས་འཛུགས་སྐྲུན་འཐབ་ཇུས་ཀྱི་དོན་དངོས་ལེགས་པོར་སྒྲུབ་ཅིང་། སྡེ་བའི་ནང་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གསར་དུ་འཛུགས་སྐབས། ཐོག་མར་རྨིད་གྲུ་བཞི་མ30ལྷག་གི་ཞིང་ཁྱིམ་དཔེ་ཁང་འཛུགས་སའི་གནས་བཀོད་སྒྲིག་བྱས་པར་མ་ཟད། ཅོག་ཙེ་དང་དཔེ་སྒྲོམ། གློག་ཀླད་སོགས་གཞུང་སྒྲུབ་ཡོ་བྱད་ཡང་འཐུས་ཚང་བསྒྲིགས། རྫོང་རིག་གནས་ཁང་གིས་དཔེ་དེབ་ཀྱི་ཞལ་འདེབས་གནང་བ་ལས་གཞན་ད་རུང་དཔེ་དེབ་མི་འདྲ་བ1000ལྷག་ཉོ་བསྡུ་བྱས་ནས། སྡེ་མི་དག་གི་དཔེ་ཀློག་དང་སློབ་སྦྱོང་ཐད་ལ་ཡང་སྔ་ན་མེད་པའི་སྟབས་བདེ་བསྐྲུན་ཞིང་། དེ་དང་ཆབས་ཅིག ཞིང་ཁྱིམ་དཔེ་ཁང་དང་ཏང་ཡོན་གྱི་རྒྱང་སྒྱུར་སློབ་གསོ་ཁང་། སྨྱན་སྦྱོར་གྲོས་ཚོགས་ཁང་སོགས་ཀྱང་འཐུས་ཚང་ཅན་ཏུ་བཏང་ནས། སྒྲིག་ཆས་ཀྱི་འཛུགས་སྐྲུན་ཤུགས་ཆེས་བཏང་བ་དང་ཞབས་ཞུའི་ཕན་ནུས་འཐུས་ཚང་དུ་བཏང་། ཞིང་བ་མང་ཚོགས་ལ་ཚན་རིག་གི་ཤེས་བྱ་ཕུན་སུམ་ཚོགས་པར་བཏང་སྟེ་རིག་གནས་དང་ལུས་རྩལ། རོལ་རྩེད་བྱ་འགུལ་སོགས་ཀྱི་དགོས་མཁོ་ཡང་བསྐངས་འདུག

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་གསར་འགོད་པར་བཤད་རྒྱུར། ང་ཚོ་སྡེ་བའི་ཞིང་ཁྱིམ་དཔེ་ཁང་ནི་སྡེ་མི་དག་གི་དཔེ་ཀློག་སློབ་སྦྱོང་བྱེད་སའི་གནས་ཁྱད་པར་བ་ཞིག་ཡིན་པར་མ་ཟད། སྡེ་བའི་ནང་གི་བྱ་འགུལ་དང་དུས་ཆེན་གལ་ཆེན་དག་གི་སྐབས་སུ་འདི་ནི་སྡེ་མི་དག་གིས་ལེ་ཚན་སྦྱོང་བརྡར་བྱེད་སའི་གནས་ཡང་ཡིན། དཔེ་ཁང་དེ་ཐུན་མོང་གི་ཁམས་གཡེང་དང་དཔེ་ཁང་། སྡེ་མིའི་རིག་གནས་འཚོ་བ་བཅས་ངོ་བོ་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་དམངས་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་ཞིག་ཀྱང་ཡིན་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། པན་ཡན་སྡེ་བའི་ཞིང་སྡེའི་དཔེ་ཁང་དེ་སྡེ་མི་དག་ལ་རིན་མེད་སྒོས་ཉིན་རེ་རེར་སྒོ་ཕྱེ་འདུག་ལ། བདག་དོམ་མི་སྣ2གྱིས་ཆེད་དུ་དཔེ་ཆ་ཕྱིར་སྤྲོད་དང་དཔེ་ཆ་གཡོར་བ་སོགས་ཐོ་འགོད་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ། སྡེ་མི་དག་གིས་དཔེ་ཁང་དུ་དཔེ་ཆ་བཀླགས་ན་དཔེ་ཆ་གཡར་བ་སོགས་ཀྱི་འགྲོ་ལུགས་ཙག་ཙིག་ཅི་ཡང་སྒྲུབ་མི་དགོས་པར། བལྟས་ཚར་རྗེས་དཔེ་ཆ་སྔོན་གྱི་ཁ་མལ་དེར་བཞག་པས་ཆོག ཡུལ་ལ་ཁྱེར་སོང་ནས་ཀློག་དགོས་ཚེ་དཔེ་ཁང་གི་བདག་དོམ་མི་སྣའི་མདུན་དུ་ཐོ་འགོད་བྱ་དགོས།

ལོ་འདི་དག་གི་རིང་ལ། པན་ཡན་སྡེ་གསར་གྱིས་ཞིང་ཁྱིམ་འཛུགས་སྐྲུན་ཐད་ལ་ཞིབ་ཆ་གསལ་བོར་བཟུང་བ་དང་འཚོལ་སྙེག་གསར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཚན་རིག་དང་མཐུན་པའི་བདག་དོམ། དངོས་ཕན་འཚོལ་སྙེག དོན་དངོས་བདག་དོམ་ལེགས་པོ་བཅས་ཀྱི་འགེབས་སྲུང་དང་བེད་སྤྱོད་བྱ་བ་བསྒྲུབས་པ་རེད་ལ། དེར་མ་ཟད་དཔེ་ཆ་རིགས་བཀར་དང་ཐོ་འགོད། སྒྲོམ་སྟེགས་སུ་འཇོག་པ། སྲུང་སྐྱོབ་བདག་དོམ་དང་གཡར་བ་སོགས་འགྲོ་ལུགས་ཐད་ལ་ཡང་བླང་བྱ་ནན་མོ་བཏོན་ཡོད། ཞིང་ཁྱིམ་དཔེ་ཁང་གི་དཔེ་ཆ་ཡོད་ཚད་ཀྱི་དཀར་ཆག་ནན་ཏན་སྒོས་ཞིབ་བཤེར་བྱས་པ་མ་ཟད། དང་ལེན་དང་ཐོ་འགོད། སྒྲིག་ལམ་གྱང་ངོས་སུ་བཀལ། ད་རུང་དཔེ་ཆའི་གནས་ཚུལ་ཡོད་ཚད་ཡིག་ཚགས་སུ་བཟོས་སྟེ་དེབ་ཏུ་པར་སྐྲུན་བྱས་ནས། སྒྲིག་སྲོལ་ཅན་དང་ཚན་རིག་ཅན། སྒྲིག་གཞི་ཅན་གྱི་བདག་དོམ་མངོན་འགྱུར་བྱས་ཡོད།

ཞིང་ཁྱིམ་དཔེ་ཁང་ནི་རིག་གནས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཕན་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན་པ་རེད། པན་ཡན་སྡེ་གསར་གྱིས་ཞིང་ཁྱིམ་དཔེ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་ངང་ཞིང་ཁྱིམ་དཔེ་ཁང་ལ་བརྟེན་ནས་ཞིང་བར་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་སྐྱེད་བསྲིངས་བྱས་པ་དང་། ཞིང་ཁྱིམ་དཔེ་ཁང་གི་བེད་སྤྱོད་ཚད་གཞི་མཐོར་འདེགས་སྒོས་ཞིང་བ་དག་གིས་དཔེ་ཆ་ལ་བརྟེན་ནས་རྩལ་ནུས་ངེས་ཅན་ཞིག་སྦྱོངས་རྒྱུར་རོགས་རམ་ཡང་བྱས་ཡོད་ལ། ད་རུང་སློབ་མ་དག་ལ་ཟུར་ཁྲིད་ཀྱི་དཔྱད་གཞིའི་ཡིག་ཆ་དང་བདེ་ཐང་ལ་ཕན་པའི་བསླབ་ཕྱིའི་ཀློག་དེབ་མང་པོ་ཞིག་ཀྱང་མཁོ་སྤྲོད་གནང་ཡོད། དུས་ད་ལྟ་སྡེ་མི་དག་ལ་ཁོམ་པ་ཡོད་དུས་དཔེ་ཁང་དུ་འཛུལ་ནས་དཔེ་ཀློག་བྱེད་པའི་གོམས་སྲོལ་ལེགས་པོ་ཞིག་ཆགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།