མཚོ་སྔོན་ནས་ཁྲིམས་འགལ་མེ་མདའ་ཅི་རིགས602ལྷན་ཅིག་མེད་པར་བཟོས་པ།

རང་རེའི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་མུ་མཐུད་རྡུང་རྡེག་ཚ་ནན་བཏང་ནས། ཆབ་སྲིད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ། མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བཅས་བྱ་ཆེད། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མེ་མདའ་དང་འབར་རྫས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཁྲིམས་འགལ་ཉེས་གསོག་ཞིང་ཆེན་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས། ཟི་ལིང་དམིགས་བསལ་ངར་ལྕགས་སྡེ་ཚོགས་ལ་རྩ་འཛུགས་བྱས་ཏེ“མེ་མདའ་མེད་པ་བཟོ་བ། བརྟན་བརླིང་སྲུང་སྐྱོབ། དམངས་ཀྱི་བདེ་འཇགས་ལ་ཁག་ཐེག”ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་གཅིག་སྡུད་ཐོག་ཁྲིམས་འགལ་གྱི་མེ་མདའ་དང་འབར་རྫས་མེད་པར་བཟོ་བའི་བྱེད་སྒོ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གྱོད་གཞི་བདའ་འདེད་དང་ཞིབ་བཤེར་རྩིས་ལེན། མང་ཚོགས་ཀྱིས་རང་འགུལ་ངང་ཡར་སྤྲད་པའི་མེ་མདའ་ཅི་རིགས602ལྷན་ཅིག་བདེ་འཇགས་ངང་མེད་པ་བཟོས་པ་རེད།

2018ལོའི་ཟླ2པའི་ཚེས7ཉིན། རྒྱལ་ཡོངས་སུ་མེ་མདའ་དང་འབར་རྫས་ལ་བཅོས་སྐྱོང་རྡུང་རྡེག་བྱེད་པའི་ཆེད་དམིགས་བྱ་འགུལ་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱིས་མེ་མདའ་དང་འབར་རྫས་ལ་ཚོད་འཛིན་ནན་མོ་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་ཀྱིས་སྣེ་ཁྲིད་བྱས་ཏེ། མེ་མདའ་དང་འབར་རྗས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དམིགས་ལས་འགུལ་ཁྲོད་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས། 2018ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་མེ་མདའ་དང་འབར་རྫས་ལ་འབྲེལ་བ་ཡོད་པའི་གྱོད་གཞི68རྩད་ཆོད་པ་དང་ཁྲིམས་འགལ་མེ་མདའ་སྣ་ཚོགས3783། མདེའུ་ཁྲི25ལྷག འབར་རྫས་སྤྱི་རྒྱ3200ལྷག བཀག་སྡོམ་གྲི་ཆས་ཁྲི1.7ལྷག འབར་རྫས་སྤྱི་རྒྱ་ཁྲི1.6ལྷག བཟོ་སླ་བའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྤྱི་རྒྱ125ལྷག་ཙམ་གཞུང་བཞེས་བཏང་བ་རེད།

ཐེངས་འདིའི་བྱ་འགུལ་གྱིས་སྤྱི་དམངས་ལ་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་གྱི་གྲུབ་འབྲས་ཡང་བསྐྱར་གཅིག་སྡུད་ཐོག་མངོན་པ་ཞིག་རེད་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ། མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བཅས་བྱེད་པའི་བླ་ན་མཐོ་བའི་འགན་འཁྲི་ཁུར་ནས། མེ་མདའ་དང་འབར་རྗས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་“བཟོད་སྒོམ་གཏན་མེད”སྒོས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏང་རྒྱུ། ཉེན་ཁ་ཡོད་པའི་གནས་ལ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ། མེ་མདའ་དང་འབར་རྫས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ། མེ་མདའ་འབར་རྫས་དང་འབྲེལ་བའི་བདེ་འཇགས་ཀྱི་རྐྱེན་ངན་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཡོངས་ལ་རྒྱུན་མཐུད་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།