ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

ཟླ11ཚེས17ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཏན་ཁེལ་དབུལ་སྐྱོར་བྱ་བའི་ཁྲོད་བྱས་རྗེས་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང20དང་ཕུལ་བྱུང་མི་སྒེར50ལ་གཟེངས་བསྟོད་བྱས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དག་གིས་གཏན་ཁེལ་དབུལ་སྐྱོར་བྱ་གཞག་གི་བླང་བྱ་ལྟར། ཧུར་ཐག་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་བྱས་རྗེས་ཐད་ལ་ནུས་པ་གང་ཡོད་བཏོན་པ་རེད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པའི་མཛུབ་སྟོན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དབུལ་སྐྱོར་ཆབ་སྲིད་ཀྱི་འགན་འཁྲིའི་གཏན་འབེབས་རང་བཞིན་ཕྲག་ཏུ་བླངས་ཏེ། དབུལ་སྐྱོར་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་ལ། དབུལ་ཐར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་གོ་གནས་གལ་ཆེན་ཁྲོད་འཇོག་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཐད་ལོ་རྒྱུས་དང་མི་དམངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ཏེ། མུ་མཐུད་དུ་ཁྱོན་ཡོངས་ནས་དབུལ་སྐྱོར་དང་ཞིང་སྡེའི་དར་རྒྱས་བྱ་བའི་ཕན་འབྲས་རང་བཞིན་གྱི་མཐུད་སྦྲེལ་སྤེལ་ནས་དབུལ་ཕོངས་ས་ཁུལ་ཁྱོན་ཡོངས་ནས་དར་རྒྱས་ཅན་དུ་འགྲོ་བར་སྐུལ་འདེད་བཏང་ཞིང་། ཆབ་སྲིད་ལས་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས་ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་ངང་། ཏང་འཛུགས་ཐོན་ཁུངས་དེ་དབུལ་སྐྱོར་ཐོན་ཁུངས་ཅན་ལ་བསྒྱུར་བ་དང་། ཏང་འཛུགས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་འདོན་སྤེལ་སྒོས་ཏང་རྩ་འཛུགས་ཀྱི་གསོན་ཤུགས་དེ་ཡང་མཁྲེགས་གཏོར་སྒུལ་ཤུགས་སུ་བསྒྱུར་ནས། འགན་འཁྲི་ཕྲག་ཏུ་ལེན་པར་ཤུགས་སྣོན་བྱས་ཏེ་རིམ་པ་སོ་སོའི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། ནུས་ཤུགས་ཅི་ཡོད་བཏོན་ནས་ཏང་ཀྲུང་དབྱང་གི་འདོད་བློ་ཚིམས་པའི་རེ་འདུན་མངོན་འགྱུར་བྱ་དགོས་ལ། ད་ལྟ་མངོན་འགྱུར་བྱུང་བའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་བདེ་བླག་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་གསར་བའི་བྱ་གཞག་ཐད་ལ་བྱས་རྗེས་གསར་པ་ཞིག་འཇོག་དགོས་ཟེར།

གྲོས་ཚོགས་སྟེང་འཐུས་ཚབ་མི་སྣ6གིས་གཏམ་བཤད་སྤེལ་འདུག ཁོ་ཚོས་དོན་དངོས་ཀྱི་དཔེར་བརྗོད་གསོན་པོ་དང་བབ་ཆགས་པའི་སྐད་ཆ་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ལུས་ཤུགས་སེམས་ཤུགས་ཡོད་ཚད་ཕུལ་བའི་གཏམ་རྒྱུད་རེ་རེ་རྒྱས་བཤད་བྱས་པ་དང་། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་དག་དང་མང་ཚོགས་ཀྱི་བར་ལ་སེམས་པ་གཅིག་མཐུན་ངང་སྒེར་སེམས་ཅི་ཡང་མེད་པའི་བྱས་རྗེས་ཀྱིས་དམངས་ལ་བཅངས་པའི་བརྩེ་སེམས་དེ་འགྲེམས་སྟོན་བྱས་པ་རེད་ལ། འགན་འཁྲིའི་བྱ་སྤྱོད་དང་སྤོབས་སེམས་ཀྱི་སྙིང་སྟོབས་དེ་གཞི་རིམ་དུ་རྐང་ཟུག་པ་དང་། དཀའ་སྡུག་གི་འབད་བརྩོན་ལས་བྱུང་བའི་ཕུལ་བྱུང་སྤུས་ཚད་དེས་ངོས་མི་འདྲ་བའི་ཆ་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣང་བརྙན་ལེགས་པོ་མངོན་དུ་བཅུགས་པར་མ་ཟད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་དབུལ་སྐྱོར་བྱ་བའི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་པ་དེ་མཚོན་དུ་བཅུག་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཏན་ཁེལ་བྱས་པའི་དབུལ་སྐྱོར་བྱ་བའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་གཟེངས་རྟགས་ལེན་པའི་སྔོན་ཐོན་ཐུན་མོང་གི་འཐུས་ཚབ་པ་དང་ཕུལ་བྱུང་མི་སྒེར། དེ་མིན་ཏང་ཡོན་ལས་བྱེད་པའི་འཐུས་ཚབ་སོགས་ཁྱོན་བསྡོམས་མི་གྲངས350ལ་གྲོས་ཚོགས་ལ་ཞུགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།