མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པའི་མཚོ་བྱང་སློབ་འབྲིང་གཉིས་པ།

— 【“དགུན་དུས་གཞི་རིམ་དུ་སྐྱོད་ནས་ནུས་ཤུགས་བཞི་ལག་ལེན་དུ་བསྟར་བ།”】

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དགུན་མགོ་མའི་སྐབས་འདིར། གསར་འགོད་པ་འཇུ་ལག་ཧའེ་རིགས་རང་སྐྱོང་རྫོང་དུ་ཡོད་པའི་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པར་བཅར་འདྲི་བྱེད་དུ་སོང་། སློབ་གྲྭའི་ནང་དུ་ཐོན་མ་ཐག“ཀུན་སྤྱོད་བཟང་བོ་གསོ་སྐྱོང་དང་མཁྱེན་རྒྱ་ཡངས་པའི་ཤེས་བྱ་འདོན་སྤེལ། གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་སྐྱེད་སྲིང”ཞེས་པའི་ཡིག་ཕྲེང་གཉིས་མིག་ལམ་དུ་མངོན་བྱུང་ལ། དེ་ནི་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གཉེར་གྱི་འདུ་ཤེས་ཡིན་ཞིང་། “ཀུན་སྤྱོད་ལ་བརྩི་མཐོང་དང་ཕུལ་བྱུང་དོན་གཉེར་བྱེད་པ”ནི་སློབ་གྲྭ་འདིའི་གདམས་ཚིག་རེད།

འདི་ལྟར། སློབ་གྲྭ་འདིའི་འགོ་ཁྲིད་ཚན་ཁག་དང་དགེ་རྒན་ཡོངས་ཀྱིས་ཡོད་ཚད་སློབ་མའི་ཆེད་དང་སློབ་མ་ཡོད་ཚད་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་འབུལ་འོས་པའི་སྟོབས་ཤུགས་ཡོངས་སུ་ཕུལ་ཡོད་པ་རེད།

སློབ་གཙོ་པའོ་ཡུས་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན།“མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ་ནི་རྒྱ་རིགས་དང་ཧའེ་རིགས། སོག་རིགས། བོད་རིགས། ཧོར་རིགས། མན་ཇུ་རིགས། ཟ་ལར་རིགས་སོགས་མི་རིགས་ཐུན་མོང་གིས་གྲུབ་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་ཞིང་། ད་ལྟ་འཛིན་གྲྭ72དང་སློབ་མ4033ཡོད་ལ། དེའི་ནང་གྲངས་ཉུང་མི་རིགས་ཀྱི་སློབ་མ2744ཡོད་པ་དེས་སློབ་མའི་བསྡོམས་འབོར་གྱི68%ཟིན་ཡོད། སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན340ནང་གྲངས་ཉུང་མི་རིགས་ཀྱི་དགེ་རྒན225དང་། ལས་བཟོ་བ153ནང་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་བ90ཡོད། སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་མི28ཁྲོད་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད20ཡོད་ལ། ཏང་ཡོན64ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན44ཡོད། དགེ་སློབ་གཉིས་ཀྱིས་གྲུབ་པའི་གུང་གཞོན་ཚོགས་པའི་ཚོགས་མི2082ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་ཚོགས་མི1696ཡོད་པར་བཤད།

ལོ་ངོ་མང་བོའི་རིང་ལ། སློབ་གྲྭས་ཧུར་ཐག་སྒོས་གསར་གཏོད་ཡར་བརྩོན་བྱས་པས་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་གཞག་ལ་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་མ་ཟད། མི་རིགས་ཁག་གི་དགེ་སློབ་འཆམ་མཐུན་མཉམ་གནས། སློབ་ར་བདེ་འཇགས་དང་མཐུན་སྒྲིལ། བརྟན་ལྷིང་ཡོང་བར་བྱས་ཤིང་། དགེ་སློབ་དང་ལས་བཟོ་བ་ཚོས“ཁ་མི་བྲལ་བ་གསུམ”གྱི་བསམ་བློ་བརྟན་པོར་བཙུགས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡར་ཐོན་ཡོང་བར་བརྩོན་བཞིན་མཆིས།

སློབ་གཙོ་གཞོན་པ་ཏུའུ་ཆིན་ལིན་གྱིས་གསར་འགོད་པར་བཤད་རྒྱུར།“མཚོ་བྱང་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་མི་རིགས་མང་ཤོས་ཀྱི་མཐོ་རིམ་སློབ་འབྲིང་ཞིག་ཡིན་པའི་ངོས་ནས་སློབ་གྲྭས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གྲྭ་གཏོད་པའི་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་འགན་འཁྲི་གཙོ་བོ་ནན་ཏན་གྱིས་བསྒྲུབས་ཤིང་། སློབ་གྲྭའི་བྱ་བ་སོ་སོ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ་ཚད་ལྡན་གྱི་མཐོ་འབྲིང་སློབ་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་རང་གི་འགན་འཁྲིར་བརྩི་ཞིང་སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དང་། རང་འགུལ་གྱིས་ཡར་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་ས་ཁུལ་འདིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ”ཅེས་བཤད།

སློབ་གཙོ་པའོ་ཡུས་ལུང་གིས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གྲྭ་བཏོད་པའི་ལས་དོན་གྱི་མཚོན་ཚུལ་ལེགས་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། 2020ལོའི་མཚོ་བྱང་སློབ་འབྲིང་གཉིས་པའི་སློབ་མ1398མཐོ་རྒྱུགས་སུ་ཞུགས་ཤིང་། དེའི་ནང་རྩིས་ཚན་གྱི་ཆེས་མཐོ་བའི་སྐར་གྲངས586དང་རིག་ཚན་གྱི་ཆེས་མཐོ་བའི་སྐར་གྲངས571ཡིན་པ་དང་། 2019ལོར་སློབ་གྲྭ་དེའི་སློབ་མ་ཞིག་གིས་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་སོང་བར་བཤད།

མཚོ་བྱང་ཁུལ་སློབ་འབྲིང་གཉིས་པས་རིག་ཚན་སློབ་ཁྲིད་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྐང་ལ་ཟུག་པར་བྱས་ནས། ཁུལ་སློབ་གསོ་ཅུས་ཀྱིས་རྩོམ་སྒྲིག་པར་སྐྲུན་བྱས་པའི《མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ཀློག་དེབ》བསླབ་གཞི་གཙོ་བོར་བྱས་ནས་དགེ་རྒན་གྱིས་སློབ་མར་བསླབ་དེབ་ལྟ་ཀློག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སློབ་མར་བསླབ་དེབ་ཁྲོད་ནས་མི་རིགས་ཁག་སོ་སོ་དང་དེ་དག་གི་འཚོ་བའི་གོམས་སྲོལ། དེ་བཞིན་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་རྟོགས་བྱེད་དུ་བཅུག་ཅིང་། སློབ་གྲྭས་གསར་སྤེལ་བྱས་པའི་སློབ་གྲྭའི་བསླབ་དེབ《མཚོ་སྔོན་དུ་སྐྱོད་པ》ཞེས་པ་བསླབ་དེབ་གཙོ་བོར་བཟུང་ལ། བསླབ་དེབ་ལ་ལྟ་ཀློག་བྱས་པ་བརྒྱུད་སློབ་མ་ཚོས་དེའི་ཁྲོད་ནས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པར་བྱས་ཡོད་པར་མ་ཟད། མི་རིགས་རང་བཀུར་གྱི་བསམ་པ་དང་མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ཡོད་པ་རེད། དུས་མཚུངས་སུ་སློབ་གྲྭས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་རིག་རྩལ་བྱེད་སྒོ་སྣ་ཚོགས། ཀུན་སྤྱོད་སློབ་གསོའི་སློབ་ཁྲིད་བྱེད་སྒོ། གལ་ཆེའི་དུས་ཆེན་ལ་དྲན་གསོ་ཞུ་བའི་རྟེན་འབྲེལ་བྱེད་སྒོ། སློབ་མ་གསར་བའི་དམག་སྦྱོང་བྱེད་སྒོ་སོགས་ཏན་ཏིག་ངང་སྤེལ་ཏེ་གཞོན་ནུ་ལོ་ཆུང་སློབ་མར“ཁ་མི་བྲལ་བ་གསུམ”གྱི་བསམ་བློ་བརྟན་པོར་བཙུགས་ནས་གཞོན་ནུ་ལོ་ཆུང་སློབ་མའི“ངོས་འཛིན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

འདི་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་མི་རིགས་ཀྱི་ལྟེ་བར་ཕྱོགས་ཤུགས་དང་གོང་བུ་སྒྲིལ་ཤུགས་ཆེ་རུ་ཕྱིན་ཡོད་ལ། དགེ་སློབ་ཡོངས་ཀྱི་ཐུན་མོང་གི་སྐྱེད་སྲིང་འོག་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་མེ་ཏོག་མཚོ་བྱང་སློབ་འབྲིང་གཉིས་པའི་སློབ་ར་ཡོངས་སུ་ཁྲ་ལམ་མེར་བཞད་ཡོད་པ་རེད།

སློབ་གྲྭ་འདི་ཉིད་སྔ་རྗེས་སུ“དུས་བདེ་གསར་གཏོད་དཔེ་སྟོན་སྡེ་ཁག”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི”ཚད་ལོན་སྡེ་ཁག ཞིང་ཆེན་དང་ཁུལ། རྫོང་རིམ་པའི་དཔལ་ཡོན་སྡེ་ཁག་བཅས་སུ་བདམས་པར་མ་ཟད། ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི“སྔོན་ཐོན་ཐུན་མོང”དང་ལས་བཟོ་བའི་དཔེ་སྟོན་ཁྱིམ་གཞིས། གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས། རྒྱལ་ཡོངས་ཀྱི་ལྔ་བཞིའི་དར་དམར་གྱི་གུང་གཞོན་ཚོགས་པའི་ཀྲི་པུའུ། ཁུལ་ཡོངས་ཀྱི་ལྔ་བཞིའི་དར་དམར་གྱི་གུང་གཞོན་ཚོགས་པ་ཨུ་ལྷན་སོགས་ཀྱི་བྱ་དགའ་ཐོབ་ལ། 2020ལོའི“ལྔ་གཅིག”ངལ་རྩོལ་དུས་ཆེན་ལ་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ཁུལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་གི་སྔོན་ཐོན་ཐུན་མོང”གི་གཟེངས་རྟགས་ཀྱང་གནང་།