མཚོ་སྔོན་གྱིས་དབུལ་ཁྱིམ་ཡིག་ཚགས་བཟོས་པའི་མི་གྲངས་ཁྲི36.55གཞི་རྩའི་རྒན་གསོའི་འགན་བཅོལ་ཁྲོད་བཞག་པ།

ཟླ11ཚེས13ཉིན་གྱི་གློག་འཕྲིན་ལྟར་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2019ལོའི་ཟླ1པོ་ནས་ད་ལྟའི་བར། ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ཁྲོད་ཟབ་ཞུགས་བྱས་པའི་ཆ་རྐྱེན་དང་མཐུན་པའི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་མི་གྲངས་ཁྲི36.55གཞི་རྩའི་རྒན་གསོའི་འགན་བཅོལ་ཁྲོད་བཞག་སྟེ་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་འགན་བཅོལ་གང་ནུས་ཀྱིས་སྒྲུབ་ཅི་ཡང་བྱས།

ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྤྱི་ཚོགས་འགན་བཅོལ་དབུལ་སྐྱོར་བྱ་བའི་ཇུས་གཞི་དང་སྤྱི་ཚོགས་འགན་བཅོལ་རོགས་སྐྱོར་མཁྲེགས་གཏོར་མཐོར་འདེགས་བྱ་བའི་ཇུས་གཞི་སོགས་ཡིག་ཆ་རབས་དང་རིམ་པ་མང་པོ་པར་སྐྲུན་འགྲེམས་སྤེལ་གྱིས་སྤྱི་ཚོགས་འགན་བཅོལ་དབུལ་སྐྱོར་ཆེད་དོན་འགོ་ཁྲིད་ཚན་ཆུང་བཙུགས་སྟེ། དབུལ་ཁྱིམ་ཡིག་ཚགས་ཅན་གྱི་དཀའ་ཁག་ཆེ་བའི་མི་སྣའི་གཞི་གྲངས་ལ་ཞིབ་བཤེར་ནན་མོ་བྱས། ལོ60ཡན་གྱི་དབུལ་ཕོངས་བགྲེས་སོང་གི་རྒན་གསོའི་དམིགས་གསལ་ཕྱིར་གནང་བ་དང་དབུལ་ཕོངས་མི་སྣའི་རྒན་གསོའི་འགན་བཅོལ་རིན་དངུལ་སོགས་གཙོ་གནད་གསུམ་གཞིར་བཟུང་སྟེ་སྙོམས་སྒྲིག་གསལ་བསྒྲགས་ལམ་ལུགས་མངོན་འགྱུར་སྒོས་གཞི་རྩའི་རྒན་གསོའི་འགན་བཅོལ་གཏན་འབེབས་ངང་འགན་བཅོལ་བྱེད་གང་ཐུབ་བྱེད་པའི་ཆེད་དོན་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཤིང་། རིམ་པ་སོ་སོའི་སྤྱི་ཚོགས་འགན་བཅོལ་ལས་ཁུངས་ཀྱི་ཞིབ་བཤེར་མི་སྣའི་བརྡ་འཕྲིན་ལ་ལྟ་སྐུལ་མཛུབ་སྟོན་གྱིས་དབུལ་སྐྱོར་སྲིད་ཇུས་དངོས་འབེབས་ཀྱིས་འགན་བཅོལ་ཟབ་ཞུགས་ཐད་ལ་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། ལོ60ཡན་གྱི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ལོ་ལོན་ཁྲི6.77ལ་རྒན་གསོའི་འགན་བཅོལ་དམིགས་གསལ་རིན་དངུལ་སྒོར་དུང་ཕྱུར2.89གནང་བ་དང་། དབུལ་ཁྱིམ་ཡིག་ཚགས་ཅན་གྱི་དབུལ་ཕོངས་མི་སྣ་དང་འགན་སྲུང་དམའ་བའི་རིགས། དམིགས་གསལ་དབུལ་པོར་གྱུར་པའི་མི་སྣ་ཁྲི45.44ལ་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་རིན་དངུལ་སྒོར་ཁྲི4911.36གནང་ནས། དབུལ་ཁྱིམ་ཡིག་ཚགས་བཟོས་པའི་དབུལ་ཕོངས་མི་སྣའི་གཞི་རྩའི་འགན་བཅོལ་དེ་འགན་བཅོལ་བྱེད་ཅི་ཐུབ་དང་འགན་བཅོལ་སྤྲོད་ཅི་ཐུབ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཡོད།

དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་ད་རུང་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མུ་མཐུད་དུ་ཐེངས་བརྒྱད་ལ་སྙོམས་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རེའི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཆེས་དམའ་བའི་ཚད་གཞི་དེ་སྒོར180ལ་འབུད་པ་དང་། དེའི་ཁར་མི་རེའི་རྩིས་ཐོའི་རྒན་གསོའི་མ་དངུལ་དང་་ཟླ་རེའི་ཆ་སྙོམས་རྒན་གསོའི་དམིགས་གསལ་སྒོར་གྱི་ཚད་གཞི་དེ་སྒོར201ལ་འཕར་དུ་བཅུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།