ན་གོར་མོའི་སྐམས་ལུག་གི་ཤ་མཚོ་སྔོན་ནས་རྒྱལ་ཡོངས་ལ་ཕྱིར་འཚོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ་ན་གོར་མོ་གྲོང་ཁྱེར་གྱི་ནོར་ལུག་ཤའི་སྤུས་ཚད་དང་མཚན་སྙན་གྱི་ཚད་གཞི་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་བསྟུན་ནས། ནོར་ལུག་ཤ་ཕྱིར་འཚོང་བྱེད་པའི་ཁ་གྲངས་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དུ་གྱུར། ཉེ་ཆར། ཀྲུང་གོ་སྦྲགས་སྲིད་དང་ཧྲུན་ཧྥུན་སོགས་མྱུར་སྐྱེལ་ཀུང་ཟི་དག་གིས་འཕྲོ་རིམ་འཕྲོར་ན་གོར་མོའི་ནོར་ལུག་ཤའི་ཕྱིར་འཚོང་ཁང་དག་ལ་དངོས་པོ་བསྡུ་ལེན་དང་རིན་མེད་ཐུམ་སྒྲིལ་གྱི་ཞབས་ཞུ་གོ་རིམ་ཅན་ཞིག་སྤེལ་ནས། ཚ་འདམ་གཞོང་གི་ནོར་ལུག་ཤ་སྤུས་ལེགས་ཅན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཕྱིར་འཚོང་བྱས།

ན་གོར་མོ་གྲོང་ཁྱེར་གྱི་ཅིན་ཧྥུན་ལམ་དུ་ཡོད་པའི་ནོར་ལུག་ཤ་ཕྱིར་འཚོང་ཁང་གི་ཚོང་སྒྲོམ་སྟེང་ཉིན་སྔོན་མའི་ནང་བཤས་པའི་ལུག་ཤ་དང་ནོར་ཤ་གསར་པས་ཁེངས་འདུག་ལ། ནོར་ལུག་ཤ་ཉོ་མཁན་ཡང་མཚམས་མི་ཆད་པ་རེད། གྲོང་ཁྱེར་གྱི་སྡོད་དམངས་དག་གིས་ནོར་ལུག་ཤའི་རིན་གོང་འདྲི་བ་དང་ནང་ལོགས་ཀྱི་གྲོགས་པོ་དག་ལ་ནོར་ལུག་ཤ་བསྐུར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།

ཕྱིར་འཚོང་ཁང་གི་སྦྱིན་བདག་ཧན་ཝུན་ཁྲིན་གྱིས་བཤད་རྒྱུར། “ལན་རེར་ཉིན་གཅིག་ལ་རྒྱ་མ2000ཡས་མས་བསྐུར་བཞིན་ཡོད་ལ། ལས་བྲེལ་ཧ་ཅང་ཆེ་དུས་རྒྱ་མ3000ལ་ཡང་འབུད་ཐུབ”ཟེར།

ས་གནས་ཀྱི་ནོར་ལུག་གི་ཤ་གསར་པའི་སྤུས་ཚད་དང་མཚན་སྙན་གྱི་དབང་གིས་ཀྲུང་གོའི་སྦྲགས་སྲིད་དང་ཧྲུན་ཧྥུན་སོགས་མྱུར་སྐྱེལ་ཀུང་ཟི་དག་གིས་ཤ་གསར་པ་བསྐུར་བའི་ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ཏེ། ཤ་གསར་པ་བསྐུར་བའི་ཞབས་ཞུ་མཁོ་སྤྲོད་དང་སྦྲགས་བསྐུར་ཐབས་ལམ་གཏན་འབེབས་གསལ་བོ་བྱས། སྲིད་ཇུས་ཀྱི་རྣམ་པ་བེད་སྤྱོད་གང་ལེགས་ཀྱིས་ཁ་གཏད་རང་བཞིན་གྱི་ཕྱིར་འཚོང་བྱ་བ་ལེགས་པོར་སྤེལ་ནས། ན་གོར་མོའི་ནོ་ལུག་ཤ་སོགས་ས་གནས་ཀྱི་ཐོན་རྫས་ཕྱིར་འཚོང་ལ་ལྷད་མེད་ཀྱི་ལམ་གསར་པ་ཞིག་བསྐྲུན་པར་རོགས་འདེགས་བྱས།

ཀྲུང་གོའི་སྦྲགས་སྲིད་ན་གོར་མོའི་ཡན་ལག་ཀུང་ཟིའི་མྱུར་སྐྱེལ་མཁན་ལ་ཀྲའོ་ཧྲིན་ཕུན་གྱིས་བཤད་རྒྱུར། “ལོ་རེ་རེའི་སྦྲགས་བསྐུརན་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོ་སྦྲགས་སྲིད་ལ་མཚོན་ནས་བཤད་ན། གྲོང་ཁྱེར79ལ་དུས་ཚོད72ནང་ཐོན་ཐུབ་པར་འགན་སྲུང་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་ལ་ཉིན4ཡི་ནང་སླེབས་ཐུབ་པར་འགན་སྲུང་བྱས་ཡོད”ཟེར།

དེ་མིན་ན་གོར་མོ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་དཔེར་སྟོན་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ངེས་ཅན་བཏང་ནས། ཞིང་ཕྱུགས་མང་ཚོགས་མང་པོ་ཞིག་གིས“ཆ་འཕྲིན་དྲ་རྒྱ+ཁྱད་ལྡན་ཐོན་ལས”ཀྱི་ཕྱུག་འགྱུར་འབྱོར་འབྲིང་སྤྱི་ཚོགས་ལ་ལམ་བུ་གསར་པ་ཞིག་བསྐྲུན་ནས། “དྲ་ལམ་སྐུལ་འདེད་དང་ཞིང་ཁྱིམ་འགྲུལ་བའི་ཐད་གཏོང་། ཡོང་སྒོ་འཕར་སྣོན་བཅས་ཀྱི་བྱེད་ཐབས་གསར་པ”ཞིག་བསྐྲུན་པ་མངོན་འགྱུར་བྱས་ཡོད། ན་གོར་མོ་གྲོང་ཁྱེར་གྱི་ནོར་ལུག་ཤས་ཆ་འཕྲིན་དྲ་རྒྱའི་གློག་རྡུལ་ཚོང་དོན་སྟེགས་བུ་བེད་སྤྱད་ནས་མཚོ་སྔོན་ནས་བུད་དེ་རྒྱལ་ཡོངས་ལ་ཕྱིར་འཚོང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།