རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བརྗོད་དོན་ཡིན་པའི་བརྙན་འཕྲིན་ཟློས་གར་ཐོག་མ《གནས་མཆོག་ཨ་ཆེན་གངས་རྒྱབ》མཚོ་སྔོན་དུ་བརྙན་ཕབ་ཡོངས་འགྲུབ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་བརྗོད་དོན་ཡིན་པའི་བརྙན་འཕྲིན་ཟློས་གར་ཐོག་མ《གནས་མཆོག་ཨ་ཆེན་གངས་རྒྱབ》ཞེས་པ་རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་བདེ་བླག་ངང་བརྙན་ཕབ་ལེགས་འགྲུབ་བྱུང་འདུག བརྙན་འཕྲིན་ཟློས་གར་དེ་ནི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དྲིལ་སྒྲོག་ལྟེ་གནས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཁུ་ནུ་རྒྱང་སྒྲོག་བརྙན་འཕྲིན་སྨྱན་སྦྱོར་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་དག་གིས་མཉམ་འབྲེལ་པར་སྐྲུན་བྱས་པ་རེད་ལ། ཁྱོན་བསྡོམས་ཞིང་ཆེན་གསུམ་སྟེ་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་ཀྱི་ས་ཁུལ་དྲུག་ཏུ་དུས་ཡུན་ཉིན80ལྷག་གི་རིང་ལ་བརྙན་འབེབས་བྱས་པ་རེད།

བརྙན་འབེབས་ཀྱི་བར་སྟོང་།

བརྙན་འབེབས་མཇུག་སྒྲིལ་བའི་ཉིན་དེར་བརྙན་འཕྲིན་ཟློས་གར་ཚན་ཆུང་གིས་ཆེས་ཐོག་མར་ཕབ་སྐྲུན་སྐོར་གྱི་འདྲ་པར་ཕྱིར་བཀྲམ་འདུག དེ་ཡང་གློག་བརྙན་རིམ་པའི་སྤུས་ཚད་ཚོར་ཤེས་རྒྱུན་འཁྱོངས་ཀྱིས་ཟློས་གར་འདྲ་པར་སྟེང་མཛེས་སྡུག་གི་ཡུལ་ལྗོངས་དང་རྟོག་ཞིབ་ཀྱི་གྱོན་ཆས། འཁྲབ་ཆས་བཅས་ལ་དོ་ཁུར་གྱི་ཚད་གཞི་མི་ཉུང་བ་ཞིག་འཐོབ། བརྙན་འཕྲིན་ཕབ་སྐྲུན་ཚན་ཆུང་དེས་ནུས་ཤུགས་གང་ཡོད་སྒོས་དོན་དངོས་ཀྱི་རང་བྱུང་སྐྱེ་ཁམས་དང་རྔམ་བརྗིད་ལྡན་པའི་ཞིབ་ཚགས་ཀྱི་བརྙན་མིག་དེ་སྐད་བརྡ་རེ་རེར་ཟུང་འབྲེལ་བྱས་ཤིང་། བརྙན་ཕབ་བརྒྱུད་རིམ་ཧྲིལ་བོ་མཐོ་སྒང་ས་ཁུལ་དུ་ཡུལ་དངོས་ནས་ཕབ་སྐྲུན་བྱས་པ་ཡིན། ད་ལྟ་བརྙན་འཕྲིན་ཟློས་གར་དེ་མཇུག་མཐའི་གསར་སྐྲུན་གྱི་དུས་རིམ་ལ་ཞུགས་པ་དང་། འཆར་གཞི་ལྟར་ན2021ལོའི་ཟླ7པ་ནས་ཟླ8པའི་བར་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་སོགས་ནས་གཏོང་རྒྱུ་རེད་ལ། ཁྱོན་བསྡོམས་ལེའུ40ནས42ཡོད་པར་བཤད།

《གནས་མཆོག་ཨ་ཆེན་གངས་རྒྱབ》བརྙན་འཕྲིན་འདྲ་པར།

《གནས་མཆོག་ཨ་ཆེན་གངས་རྒྱབ》ལས་དུས་རབས་སྔོན་མའི་ནང་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་མང་ཚོགས་ཀྱིས་གཙོད་རྔོན་གསོད་ཀྱི་བྱ་སྤྱོད་ལ་འགོག་རྒོལ་བྱས་པ་རྒྱབ་ལྗོངས་སུ་བཟུང་ནས་མི་རབས་འགའི་གཙོད་ལ་སྲུང་སྐྱོབ་བྱས་པའི་དཔའ་བོའི་གཏམ་རྒྱུད་རྒྱས་བཤད་བྱས་ཡོད་ལ། གཏམ་རྒྱུད་རང་བཞིན་དང་རང་བྱུང་ཁོར་ཡུག་གི་མཛེས་སྡུག་མཉམ་བསྲེས་བརྒྱུད་མི་མང་པོ་ཞིག་གིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གཞུང་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་དུས་ཡུན་རིང་བོར་འབད་བརྩོན་བྱས་པར་རྒྱུས་ལོན་བྱེད་ཐུབ་པར་མངོན། དེ་དང་ཆབས་ཅིག མི་དང་རང་བྱུང་མཉམ་གནས་ཀྱི་ཁོར་སྲུང་བསམ་བློ་བརྒྱུད་སྒྲོག་གིས་ཚང་མས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ལ་དོ་ཁུར་ངང་འཚོ་བའི་བྱེ་བྲག་གི་བརྗོད་དོན་ཕྲན་ཚེགས་ཀྱི་སྟེང་དུ་དངོས་འབེབས་བྱས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།