ཞིང་ཆེན་ཡོངས་ནས་མགོ་སྐོར་མཁན་གྱི་ལག་ཏུ་འཆོར་ཉེན་ཡོད་པའི་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་སྒོར་མོ་བྱེ་བ8ལྷག་ཕྱིར་ལག་སོན་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས9ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ནས་མགོ་སྐོར་བསླུ་བྲིད་ཀྱི་སྒོ་ནས་འགན་སྲུང་གཡོ་ལེན་བྱེད་མཁན་ཉེས་ཅན་ལ་རྡུང་རྡེག་ནན་མོ་གཏང་རྒྱུ་ཆབ་སྲིད་ཀྱི་འོས་འགན་དང་པོ་དང་སྨན་བཅོས་འགན་སྲུང་གི་བྱ་བའི“སྒྱོགས་ཆེན”དུ་བརྩིས་ཏེ། གུ་ཡངས་གཏན་མེད་ཀྱི་སྒོ་ནས་མགོ་སྐོར་བསླུ་བྲིད་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་། རང་ཞིང་གི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་ཅུས་བཙུགས་ནས་ལོ་གཉིས་ཀྱི་རིང་ལ་ཁྲིམས་འགལ་སྒྲིག་འགལ་ཀྱི་བྱ་བ་ངན་པ་འདྲ་མིན་བསྒྲུབས་ཡོད་པའི་གནས་གཏན་སྨན་ཁང2803ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། སྨན་བཅོས་འགན་སྲུང་ལ་ཐེབས་སྲིད་པའི་གྱོང་གུན་སྒོར་བྱེ་བ8564.54ཕྱིར་བླངས།

སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“སྲོག་སྐྱོབ་དངུལ”ཡིན་ཞིང་། སྨན་བཅོས་འགན་སྲུང་གི་ཐེབས་རྩར་ལྟ་རྟོག་གི་ལམ་ལུགས་ཚགས་དམ་པོ་བཟོ་ཆེད་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་བསྟུད་མར་ལོ་གཉིས་རིང་ལ་སྨན་བཅོས་འགན་སྲུང་ཐད་ནས་མགོ་གཡོག་མགོ་སྐོར་གཏོང་མཁན་ལ་ཆེད་དོན་བཅོས་སྐྱོང་བྱས་པ་དང་། གནས་གཏན་སྨན་ཁང་གིས་སྨན་བཅོས་འགན་སྲུང་གི་ཁྲོད་ནས་ཁྲིམས་འགལ་སྒྲིག་འགལ་སྒོས་གཡོ་ལེན་བྱས་པའི་ལུགས་མིན་བྱ་སྤྱོད་ལ་བྱེད་ཐབས་ནན་མོ་སྤྱད་དེ་ཞིབ་བཤེར་ཐག་གཅོད་བྱས། དེ་ཡང་རྩིས་བཤེར་དང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། ནོར་སྲིད། ཁྲལ་དོན། སྨན་རྫས་ལྟ་སྐུལ་སོགས་སྡེ་ཚན7གྱིས་མཉམ་དུ་འགན་སྲུང་གཡོ་ལེན་ཚར་གཅོད་ཐད་ནས་ཞིང་ཆེན་རིམ་པའི་སྡེ་ཚན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། ཁུངས་སྣེ་གལ་ཆེན་ཕྱོགས་ལ་མཉམ་འབྲེལ་ཐོག་ནས་ཞིབ་བཤེར་སྒོས་ཉེས་ཆད་བཅད་ཅིང་། མཉམ་དུ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ནས་གནས་གཏན་སྨན་ཁང་གི་གྲོས་ཆིངས་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་། གནས་གཏན་སྨན་ཁང་གི་ཕྱིར་འབུད་དོ་དམ་ནང་ཞུགས་དང་ཕྱིར་འཐེན་གྱི་དོ་དམ་བྱེད་ཐབས་བཟོས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཉེས་སྤྱོད་སྤེལ་མཁན་དག་ལ་མཉམ་འབྲེལ་ཐོག་ཆད་པ་བཅད། སྲིད་གཞུང་གིས་སྨན་བཅོས་འགན་སྲུང་གི་ཐེབས་རྩ་ཉོ་སྒྲུབ་ཀྱི་ལྟ་སྐུལ་ཞབས་ཞུ་བྱེད་ཐབས་བཟོས་ཏེ། ཕྱོགས་གསུམ་པའི་སྤྱི་ཚོགས་སྟོབས་ཤུགས་ཉོ་སྒྲུབ་ཀྱི་ལམ་ནས་གནས་གཏན་སྨན་ཁང་ལ་ཞིབ་བཤེར་བྱས། 《མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་གཡོ་ལེན་ཞུ་གཏུག་དང་རྡུང་རྡེག་ལ་བྱ་དགའ་གནང་བའི་གནས་སྐབས་བྱེད་ཐབས》 གཏན་ལ་ཕབ་ཅིང་། ཞིང་ཆེན་རིམ་པའི་ཞུ་གཏུག་བྱ་དགའ་ལ་ཐེབས་རྩའི་མ་དངུལ་སྒོར་ཁྲི500བཀོད་སྒྲིག་བྱས་པར་མ་ཟད་ཞིང་ཆེན་ཡོངས་ནས་སྨན་བཅོས་འགན་སྲུང་གི་ལྟ་རྟོག་པ 892 གདན་ཞུས་ཏེ་གནས་གཏན་སྨན་ཁང་གི་ཉིན་རྒྱུན་ལས་ཀར་ལྟ་རྟོག་བྱེད་དུ་བཅུག བསྟུད་མར་ལོ་གཉིས་ནང་དུ་ཞིང་ཆེན་ནང་ཁུལ་ནས་སྨན་བཅོས་འགན་སྲུང་གཡོ་ལེན་ལ་རྡུང་རྡེག་བྱེད་པ་བརྗོད་གཞིར་བཟུང་བའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྒྲིག་འཛུགས་ཐོག་སྤེལ་བ་དང་། སྔ་རྗེས་སུ་ཁྲིམས་འགལ་སྒྲིག་འགལ་གྱི་ཉེས་སྤྱོད་སྤེལ་མཁན་གནས་གཏན་སྨན་ཁང169 རྙི་འོག་ཏུ་ཚུད་ནས་ཁྲིམས་ཆད་བཅད།

ལོ་གཉིས་ཀྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་སྔ་ཕྱིར་གནས་གཏན་སྨན་ཁང་ལ་ཞིབ་བཤེར་ཐེངས8186བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནས་གཏན་སྨན་ཁང2803ཞིབ་བཤེར་ཐག་གཅོད་བྱས། དེ་ལས་སྨན་ཁང1535དང་། སྨན་རྫས་ཚོང་ཁང1268ལ་ཉེས་ཆད་བཅད་པ་དང་། གནས་གཏན་སྨན་ཁང28ཀྱི་ཐོབ་ཐང་མེད་པར་བ་ཟོས། སྨན་བཅོས་འགན་སྲུང་ཞབས་ཞུའི་གྲོས་ཆིངས་བཞག་པའི་གནས་གཏན་སྨན་ཁང་དང་སྨན་རྫས་ཚོང་ཁང458ཡི་བར་གྱི་གྲོས་ཆིངས་མཚམས་བཞག་པ་དང་། གནས་གཏན་སྨན་ཁང 3065 ལ་སྐོང་འདྲི་དང་། དུས་བཅད་ཡོ་བསྲང་། ཁྲོམ་སྒྲོག་སྐྱོན་བརྗོད་བྱས་པ་དང་། 11ལ་ཆད་པ་བཅད་ཅིང་། སྨན་བཅོས་འགན་སྲུང་ཐེབས་རྩའི་ཐད་ཆད་ལྷག་ཤོར་བའི་གྱོང་གུད་སྒོར་བྱེ་བ8564.54ཕྱིར་ལག་སོན་བྱུང་།  སྨན་བཅོས་འགན་སྲུང་ཡོད་པའི་མང་ཚོགས་ཀྱི་ཞུ་གཏུག་ཁུངས་སྣེ་གཞིར་བཟུང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན33ཞིབ་བཤེར་ཐག་གཅོད་བྱས་པ་དང་། གནས་གཏན་སྨན་ཁང33ལ་ཉེས་ཆད་བཅད།

ཁོན་ཐར་འཚོས་བསྒྱུར།