མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ལ་མགོ་སྐོར་བཏང་པའི་གྱོད་དོན་གལ་ཆེན་ལ་རྡུང་རྡེག་བཏང་པའི་སྐོར་ཁྱབ་བསྒྲགས་བྱས་པ།

གྱོད་དཔེ་དང་པོ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་སྨན་ཁང་གི་འགོ་བ་སྔོན་མ་ཁྲེ་ཏུའུ་ཡིས་སྨན་བཅོས་འགན་སྲུང་ཐེབས་རྩའི་རིན་དངུལ་གཡོ་ལེན་བྱས་པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་སྨན་ཁང་གི་འགོ་བ་སྔོན་མ་ཁྲེ་ཏུའུ་ཡིས2016ལོའི་ལོ་སྟོད་ནས2019ལོའི་ཟླ3པའི་བར། སྨན་ཁང་གི་ཞག་སྡོད་འགྲོ་ལུགས་སྒྲུབ་སྟེ་དོན་དངོས་ཐོག་ཞག་སྡོད་མ་བྱས་པར་རང་རྩིས་སྨན་རྫས་དག་སྨན་བཅོས་འགན་སྲུང་རྩིས་ཞུའི་སྨན་རྫས་ལ་བརྗེས་པའི་བྱེད་ཐབས་བརྒྱུད་སྨན་བཅོས་འགན་སྲུང་མ་དངུལ་སྒོར་ཁྲི22.13རྩིས་ཞུ་བྱས། 2020ལོའི་ཟླ8པར། ཁྲིམས་ཁང་གིས་རིམ་པ་དང་པོའི་འདྲི་གཅོད་དང་ཐག་གཅོད་བྱས། ཁྲེ་ཏུའུ་ཡིས་རང་གི་ལས་རྐང་གི་སྟབས་བདེ་བེད་སྤྱད་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་རིན་དངུལ་གཡོ་ལེན་བྱས་ཤིང་། གྲངས་འབོར་ཁ་གྲངས་ཡང་མོད་པས་ལྐོག་དངུལ་ལེན་པའི་ནག་ཉེས་སུ་གྲུབ་ཡོད། དུས་ཡུན་ལོ་གསུམ་གྱི་ཁྲིམས་ཆད་བཅད་པ་དང་སྨན་བཅོས་འགན་སྲུང་ཐེབས་རྩའི་རིན་དངུལ་ཡོད་ཚད་ཕྱིར་བསྡུ་བྱས་པ་མ་ཟད། སྒོར་ཁྲི20ཡི་ཆད་པ་བཅད། ཁོ་དང་མཉམ་དུ་ལྐོག་དངུལ་ལེན་མཁན་གྱི་ནག་ཉེས་ཡང་དེ་དང་གཅིག་པ་མ་ཟད་དུས་ཡུན་ལོ་བཅུ་གཅིག་གི་ཁྲིམས་ཆད་དང་སྒོར་ཁྲི60ཡི་ཆད་པ་བཅད།

གྱོད་དཔེ་གཉིས་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་གི་གཡང་ཆེ་གེ་མོ་སོགས་མི་གསུམ་གྱིས་གོ་གནས་དབང་ཆ་རང་སྣང་གང་ཤར་གྱིས་བཀོལ་སྤྱོད་བྱས་པ།

དབྱང་གཡང་ཆེ་མོ་དང་མཱ་ཆེ་གེ་མོ། ཝང་ཆེ་གེ་མོ་སོགས་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣ་ཡིན་མོད། ཁྲིམས་གཏན་ལས་གནས་ལག་བསྟར་བྱས་པ་ཡང་དག་མིན། རྒྱ་མདོ་རྫོང་གི་ཞི་ཧི་སྨན་ཁང་ལ་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་གཏན་འབེབས་ཀྱི་སྨན་བཅོས་སྒྲིག་གཞིའི་ཐོབ་ཐང་མེད་པ་ཤེས་བཞིན་དུ་གོ་གནས་ཀྱི་དབང་ཆ་ལས་བརྒལ་ཏེ། ་ཁྲིམས་འགལ་ཐག་གཅོད་ངང་གཏན་འབེབས་ཁྲོད་བཅུག་པ་དང་རང་སྣང་གང་འདོད་ཀྱིས་སྨན་བཅོས་བྱེད་པའི་རྣམ་གྲངས་རྒྱ་སྐྱེད་དེ་རྩིས་ཞུའི་ཁྱབ་ཁོངས་ཁྲོད་བཅུག་ནས། ཁྲིམས་འགལ་སྒོས་འཁོར་རྒྱུགས་མ་དངུལ་བསྡུ་རུབ་ཀྱིས་ཐེབས་རྩ་ལ་གྱོང་གུད་སྒོར་ཁྲི21.38ཐེབས་སུ་བཅུག་པས་གནས་ཚུལ་ཅུང་ཚབས་ཆེན་གྱི་ཁོངས་སུ་གཏོགས། 2016ལོའི་ཟླ12པར་མཚོ་བྱང་ཁུལ་ཁྲིམས་ཁང་གིས་ཐག་གཅོད་བྱས་ཤིང་གཡང་ཆེ་གེ་མོ་སོགས་མི་གསུམ་གྱི་བྱ་སྤྱོད་དེ་ཉེས་ཁྲིམས་སུ་གཏོགས་ལ། གོ་གནས་དབང་ཆ་གཅིག་སྤྱོད་ཀྱི་ནག་ཉེས་སུ་གྲུབ་པས། གཡང་ཆེ་གེ་མོར་དུས་ཡུན་ལོ་གསུམ་གྱི་ཁྲིམས་ཆད་བཅད་པ་དང་དུས་འགྱངས་ཁྲིམས་ཆད་ལོ་བཞི་དང་ཟླ་བ་དྲུག མཱ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཆད་བཅད་པ་དང་དུས་འགྱངས་ཁྲིམས་ཆད་ལོ་བཞི་དང་ཟླ་བ་དྲུག ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་དང་དུས་འགྱངས་ཁྲིམས་ཆད་ལོ་བཞི་དང་ཟླ་བ་དྲུག་བཅས་ཀྱི་ཁྲིམས་ཆད་བཅད། ཁྲིམས་འགལ་སྒོས་བསྡུ་རུབ་བྱས་པའི་སྒོར་ཁྲི17.62ཕྱིར་བསྡུ་བྱས་ཏེ་མཚོ་བྱང་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ལ་སྤྲད།

གྱོད་དཔེ་གསུམ་པ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྒྱ་གྲམ་དམར་པོ་ཀོང་ཅི་སྨན་ཁང་གི་གན་རྒྱའི་མགོ་སྐོར་གྱོད་གཞི།

2016ལོ་ནས་བཟུང་། གཞོང་ཐང་རྫོང་རྒྱ་གྲམ་དམར་པོ་ཀོང་ཅི་སྨན་ཁང་གིས་སྨན་བཅོས་འགན་སྲུང་ཞབས་ཞུའི་གན་རྒྱ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་གཏན་འཐུས་ཚབ་པ་མཱ་ཆེ་གེ་མོ་ཡིས་ཁྲིམས་འགལ་བདག་འཛིན་དམིགས་འབེན་དུ་བཟུང་སྟེ་མཱ་ཆེ་གེ་མོ་སོགས་སྨན་བཅོས་མི་སྣ11ལ་མཛུབ་སྟོན་སྒོས་སྨན་ཐོ་འབྲི་རུ་བཅུག་པ་དང་མིང་རྟགས་རྫུན་མ་བཀོལ་པ། དཔྱད་གཞི་སྟོང་བར་མིང་རྟགས་འགོད་པ་སོགས་དོན་དངོས་རྫུན་བཟོ་བྱས་སྟེ་དོན་དངོས་གསང་འགེབས་ཀྱི་བྱེད་ཐབས་སྤྱད་ནས། ནད་ཐོ་རྫུན་བཟོ་དང་སྨན་བཅོས་འགན་སྲུང་མ་དངུལ་སྒོར་ཁྲི43.32གཡོ་ལེན་བྱས། 2020ལོའི་ཟླ8པར་གཞོང་ཐང་རྫོང་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཐག་གཅོད་ཡི་གེ་སྟེང་ཐག་གཅོད་བྱས་པ་ལྟར་ན། མཱ་ཆེ་གེ་མོ་སོགས་མི་གཉིས་ཀྱིས་ཁྲིམས་འགལ་བདག་འཛིན་བྱེད་པ་དམིགས་འབེན་དུ་བཟུང་ནས་གན་རྒྱ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དོན་དངོས་རྫུན་བཟོ་བྱེད་པའི་བྱེད་ཐབས་སྤྱད་དེ་སྨན་བཅོས་འགན་སྲུང་ཐེབས་རྩའི་རིན་དངུལ་འབོར་ཆེན་གཡོ་ལེན་བྱས་པས་གན་རྒྱའི་མགོ་སྐོར་གྱོད་དོན་དུ་གྲུབ། ཁྲིམས་གཏན་འཐུས་ཚབ་པ་མཱ་ཆེ་གེ་མོ་སོགས་མི་གཉིས་སོ་སོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་དྲུག ལོ་གཅིག་དང་ཟླ་དྲུག སོ་སོར་དངུལ་ཆད་སྒོར་ཁྲི2དང་སྒོར་ཁྲི1བཅས་ཀྱི་ཆད་པ་བཅད། ཁྲིམས་འགལ་བསྡུ་རུབ་བྱས་པའི་སྒོར་ཁྲི43.32དེ་ཕྱིར་གཞོང་ཐང་རྫོང་སྨན་བཅོས་འགན་སྲུང་ཅུའུ་ལ་སྤྲད་པ་དང་ཁྲིམས་ཆད་སྒོར་ཁྲི3དེ་རྒྱལ་མཛོད་ནང་བཞག་པ་རེད།

གྱོད་དཔེ་བཞི་པ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་མཛའ་བརྩེ་སྨན་ཁང་གི་གན་རྒྱའི་མགོ་སྐོར་གྱོད་གཞི།

2016ལོ་ནས་བཟུང་། གཞོང་ཐང་རྫོང་མཛའ་བརྩེ་སྨན་ཁང་གིས་སྨན་བཅོས་འགན་སྲུང་ཞབས་ཞུའི་གན་རྒྱ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་གཏན་མི་སྣ་ཡའེ་ཆེ་གེ་མོ་ཡིས་ཁྲིམས་འགལ་བདག་འཛིན་བྱེད་རྒྱུ་དེ་དམིགས་འབེན་དུ་བཟུང་ནས། ཀྲང་ཆེ་གེ་མོ་དང་མཱ་ཆེ་གེ་མོ་སོགས་སྨན་ཁང་གི་སྨན་པ་རྩ་འཛུགས་བྱས་ཏེ་སྨན་ཞབས་ལ་སྨན་ཐོ་རྫུན་མ་འབྲི་རུ་བཅུག་པ་དང་མིང་རྟགས་རྫུན་མ་འགོད་པ། དཔྱད་གཞི་སྟོང་བར་མིང་རྟགས་འགོད་པ་སོགས་དོན་དངོས་རྫུན་བཟོ་བྱས་ནས་དོན་དག་གསང་འགེབས་ཀྱི་བྱེད་ཐབས་སྤྱད་དེ་ནད་ཐོ་རྫུན་མ་བཟོས་ནས། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་རིན་དངུལ་སྒོར་ཁྲི48.62གཡོ་ལེན་བྱས། 2020ལོའི་ཟླ8པར་གཞོང་ཐང་རྫོང་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཐག་གཅོད་ཡི་གེའི་སྟེང་ཐག་གཅོད་བྱས་ཤིང་། ཡའེ་ཆེ་གེ་མོ་སོགས་མི་གསུམ་ཡན་གྱིས་ཁྲིམས་འགལ་བདག་འཛིན་བྱེད་རྒྱུ་དམིགས་འབེན་དུ་བཟུང་ནས། གན་རྒྱ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དོན་དངོས་རྫུན་བཟོ་བྱས་ཏེ་སྨན་བཅོས་ཐེབས་རྩའི་རིན་དངུལ་གཡོ་ལེན་བྱས་ཤིང་གྲངས་འབོར་ཧ་ཅང་མང་བས་གན་རྒྱའི་མགོ་སྐོར་ནག་ཉེས་སུ་གྲུབ་ཡོད་པ་རེད། ནག་ཉེས་མཁན་གཙོ་བོ་ཡའེ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་བརྒྱད་དང་། དངུལ་ཆད་སྒོར་ཁྲི3བཅས་ཀྱི་ཆད་པ་བཅད། ནག་ཉེས་མཁན་ཀྲང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བཅུ། དངུལ་ཆད་སྒོར་ཁྲི1.5ཡི་ཆད་པ་བཅད། ནག་ཉེས་མཁན་མ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བརྒྱད། དུས་འགྱངས་ལོ2 དངུལ་ཆད་སྒོར་ཁྲི1བཅས་ཀྱི་ཆད་པ་གཅོད་རྒྱུར། ཁྲིམས་འགལ་བསྡུ་རུབ་བྱས་པའི་སྒོར་ཁྲི48.62ཕྱིར་གཞོང་ཐང་རྫོང་སྨན་བཅོས་འགན་སྲུང་ཅུའུ་ལ་སྤྲད་པ་དང་ཆད་དངུལ་སྒོར་ཁྲི5.5དེ་རྒྱལ་ཁབ་མཛོད་ཁང་ལ་སྤྲད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།