ཅི་ཞིག་ལ་ཁྲིམས་འཛིན་རོགས་སྐྱོར་ཟེར་ཅེ་ན།

ཅི་ཞིག་ལ་ཁྲིམས་འཛིན་རོགས་སྐྱོར་ཟེར་ཅེ་ན།

མི་དམངས་ཞིབ་དཔྱོད་ཁང་གི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་བྱ་བ་ནི། མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་སྒྲུབ་པའི་ལས་རིམ་ཁྲོད། ཉེས་བསགས་ཀྱི་གནོད་འཚེ་ཐེབས་པའམ་དམངས་དོན་དབང་གནོད་ཐེབས་པ་ལ་གཏུག་བཤེར་བརྒྱུད་ནས་གུན་གསབ་མ་རེག་པར་སྐྱ་ཟད་སྔོ་གཏུགས་ཀྱི་འཚོ་བ་མྱོང་བཞིན་པའི་དོ་བདག་ལ་གཞོགས་འདེགས་རང་བཞིན་གྱི་རོགས་སྐྱོར་བྱེད་པའི་བྱ་ཐབས་ཤིག་ལ་ཟེར། 

ཁྲིམས་འཛིན་རོགས་སྐྱོར་བྱ་ཡུལ་ལ་གཤམ་གསལ་ཆ་རྐྱེན་ཚང་དགོས་ཏེ།

(གཅིག)ཉེས་དོན་གྱོད་གཞིའི་ཁྲོད་ཀྱི་གནོད་འཚེ་ཐེབས་མིར་རྨས་སྐྱོན་ཚབས་ཆེན་ཐེབས་པའམ་དབང་པོ་སྐྱོན་ཆེན་ཆགས་པ་ལ། གནོད་འཚེ་གཏོང་མཁན་ཤི་བའམ་ཡང་ན་གུན་གསབ་ཀྱི་ནུས་པ་མེད་པར་བརྟེན། གཏུག་བཤེར་བརྒྱུད་ནས་གུན་གསབ་མ་ནུས་པར་འཚོ་བར་དཀའ་ཁག་བཟོས་པ།

(གཉིས)ཉེས་དོན་གྱོད་གཞིའི་ཁྲོད་ཀྱི་གནོད་འཚེ་ཐེབས་མི་སྲོག་ཉེན་ལ་ཐུག་ནས་སྨན་བཅོས་བྱེད་པར་སྨན་ཡོན་གྱི་དཀའ་ཁག་དང་འཕྲད་པ།

(གསུམ)ཉེས་དོན་གྱོད་གཞིའི་ཁྲོད་ཀྱི་གནོད་འཚེ་ཐེབས་མི་ལ་ཤི་རྨས་བྱུང་སྟེ། འདས་པོའི་ཡོང་སྒོ་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་གཉེན་ཉེ་དུ་དང་།དེ་མིན་འདས་པོས་ཞབས་ཏོག་དང་གསོ་སྐྱོང་།སྙོར་སྐྱོང་བྱེད་བཞིན་པའི་མི་གཞན་དག་གི་འཚོ་བར་གནོད་འཚེ་གཏོང་མཁན་ཤི་བའམ་ཡང་ན་གུན་གསབ་ཀྱི་ནུས་པ་མེད་པ་རྐྱེན་བྱས་ཏེ། གཏུག་བཤེར་བརྒྱུད་ནས་གུན་གསབ་མ་ནུས་པར་འཚོ་བར་དཀའ་ཁག་བཟོས་པ།

(བཞི)ཉེས་དོན་གྱོད་གཞིའི་ཁྲོད་ཀྱི་གནོད་འཚེ་ཐེབས་མིའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་ལ། གནོད་འཚེ་གཏོང་མཁན་ཤི་བའམ་ཡང་ན་གུན་གསབ་ཀྱི་ནུས་པ་མེད་པར་བརྟེན། གཏུག་བཤེར་བརྒྱུད་ནས་གུན་གསབ་མ་ནུས་པར་འཚོ་བར་དཀའ་ཁག་བཟོས་པ།

(ལྔ)ཐེར་འདོན་མི་སྣ་དང་དཔང་མི། གསལ་འབྱེད་མཁན་གྱིས་ཞིབ་དཔྱོད་སྡེ་ཁག་ལ་ཐེར་འདོན་དང་བདེན་དཔང་བྱས་པ། ཡང་ན་ཞིབ་དཔྱོད་སྡེ་ཁག་གི་མངག་བཅོལ་དང་ལེན་བྱས་ནས་ཁྲིམས་འཛིན་གསལ་འབྱེད་བྱས་པ་ལ་རྡུག་རྡེག་འཁོན་སློག་བྱས་ནས་གོང་གསལ་མི་སྣའི་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པར་བརྟེན། གཏུག་བཤེར་བརྒྱུད་ནས་གུན་གསབ་མ་ནུས་པར་འཚོ་བར་དཀའ་ཁག་བཟོས་པ།

(དྲུག)འགྲོ་ལམ་འགྲིམ་འགྲུལ་དོན་རྐྱེན་སོགས་ཀྱི་དམངས་དོན་དབང་གནོད་བྱ་སྤྱོད་ཀྱིས་མི་ལུས་བདེ་ཐང་ལ་རྨས་སྐྱོན་བཟོས་པ་ལ། གཏུག་བཤེར་བརྒྱུད་ནས་གུན་གསབ་མ་ནུས་པར་འཚོ་བར་དཀའ་ཁག་བཟོས་པ།

(བདུན)མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་དངོས་ལ་གཞིགས་ནས། རོགས་སྐྱོར་བྱ་དགོས་སྙམ་པའི་གནས་ཚུལ་གཞན་དག

ཁྲིམས་འཛིན་རོགས་སྐྱོར་གྱི་རེ་ཞུ་ལ་དུས་ཡུན་ག་ཚོད་དགོས་ཤེ་ན།

མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་རོགས་སྐྱོར་གྱི་རེ་ཞུ་བདག་སྤྲོད་བྱས་རྗེས། ལས་ཉིན་བཅུ་ཡི་རིང་རོགས་སྐྱོར་བྱེད་མིན་དང་རོགས་དངུལ་ག་ཚོད་སྟེར་མིན་ལ་གྲོས་ཐག་གཅོད་རྒྱུ།

མི་དམངས་ཞིབ་དཔྱོད་ཁང་གིས་རོགས་སྐྱོར་རེ་ཞུ་མཁན་ལ་རེ་ཞུའི་རྒྱུ་ཆ་ཁ་གསབ་དང་རྒྱུ་ཆ་དག་བཅོས་བྱེད་དུ་བཅུག་པ། ཡང་ན་རེ་ཞུ་མི་སྣའི་རེ་ཞུ་ལྟར་དཔང་རྟགས་འདོན་ལེན་བྱས་པ་རྣམས་ཀྱི་ཞིབ་བཤེར་ལས་སྒྲུབ་ཀྱི་དུས་བཅད་ནི་རེ་ཞུའི་རྒྱུ་ཆ་ཁ་ཚང་པའི་ཉིན་ནས་འགོ་བཟུང་སྟེ་བརྩི་རྒྱུ།

མི་དམངས་ཞིབ་དཔྱོད་ཁང་གཞན་པ་ལ་མངག་བཅོལ་བྱས་ནས་བརྟག་དཔྱད་དང་ཞིབ་དཔྱད་བྱས་པའི་དུས་ཚོད་དེ་ཞིབ་མཆན་བཀོད་པའི་དུས་ཡུན་ནང་མི་བརྩི།

གཤམ་གསལ་མི་སྣ་ཁྲིམས་འཛིན་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་འཚམ་སྟེ།

(གཅིག)གྱོད་དོན་བྱུང་བར་ནོར་འཛོལ་ཚབས་ཆེན་ཡོད་པའི་རིགས།

(གཉིས)གྱོད་གཞིའི་དོན་དངོས་གསལ་བོར་རྩད་གཅོད་པར་རམ་འདེགས་མི་བྱེད་པ་མ་ཟད་ཚུལ་མཐུན་གྱི་རྒྱུ་མཚན་མེད་པའི་རིགས།

(གསུམ)བསམ་བཞིན་དུ་ཞུ་འབུལ་རྫུན་མ་དང་དཔང་རྟགས་རྫུན་བཟོ་བྱས་ནས་གཏུག་བཤེར་བྱ་རིམ་ལ་གནོད་སྐྱོན་བཟོས་པའི་རིགས།

(བཞི)གཏུག་བཤེར་གོ་རིམ་ཁྲོད་རང་འགུལ་སྒོས་དམངས་དོན་གུན་གསབ་ཀྱི་རེ་ཞུ་དོར་བའམ་ཡང་ན་གནོད་འཚེ་གཏོང་མཁན་དང་དེའི་གཉེན་ཉེ་སྐྱིན་ཚབ་འཇལ་བ་དང་ལེན་མ་བྱས་པའི་རིགས།

(ལྔ)འཚོ་བ་ཐབས་སྡུག་ཡིན་པ་དེ་གྱོད་གཞིའི་རྒྱུ་རྐྱེན་གྱིས་བསྐྱེད་པ་མིན་པའི་རིགས།

(དྲུག)སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ལུགས་མཐུན་གྱི་གུན་གསབ་ཐོབ་པའམ་རོགས་སྐྱོར་ཐོབ་ཟིན་པའི་རིགས།

ཁྲིམས་འཛིན་རོགས་སྐྱོར་གྱི་རེ་ཞུ་ལ་ཡིག་ཆ་འདི་དག་མཁོ་སྤྲོད་བྱེད་དགོས་ཏེ།

(གཅིག)རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་རེ་ཞུ་ཡི་གེ

(གཉིས)རོགས་སྐྱོར་རེ་ཞུ་མཁན་གྱི་ཐོབ་ཐང་བདེན་དཔང་གི་ཡིག་ཆ།

(གསུམ)གནོད་སྐྱོན་འཕོག་ཚད་གྱི་དོན་དངོས་བདེན་དཔང་དང་། གནོད་འཚེ་ཐེབས་མིའི་རྨས་ཚད་གསལ་འབྱེད་བསམ་འཆར། སྨན་བཅོས་བརྟག་དཔྱད་ཀྱི་བསྡོམས་ཚིག སྨན་བཅོས་འགྲོ་གྲོན་གྱི་འཛིན་ཤོག ཡང་ན་ཚེ་ལོ་ཡི་བདེན་དཔང་། ཁྲིམས་མིན་གནོད་འཚེ་འཕོག་ནས་རྒྱུ་ནོར་ལ་གྱོང་གུད་བཟོས་པའི་གནས་ཚུལ་སོགས་ཀྱི་ཡིག་ཆ།

(བཞི)རོགས་སྐྱོར་རེ་ཞུ་མཁན་དང་དེའི་ཁྱིམ་མིའི་འཚོ་བར་དཀའ་ཁག་ཡོད་པའི་སྐོར་གྱི་བདེན་དཔང་ཡིག་ཆ།

(ལྔ)གུན་གསབ་དང་རོགས་སྐྱོར་ཐོབ་མྱོང་མིན་སོགས་ཀྱི་གནས་ཚུལ་གསལ་བཤད་དང་བདེན་དཔང་གི་ཡིག་ཆ།

(དྲུག)འབྲེལ་ཡོད་བདེན་དཔང་གི་རྒྱུ་ཆ་གཞན་དག

མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་བྱེད་པར་རྩ་དོན་འདི་དག་གཞིར་འཛིན་དགོས་ཏེ།

(གཅིག)གཞོགས་འདེགས་རང་བཞིན་གྱི་རོགས་སྐྱོར་བྱ་རྒྱུ། གྱོད་དོན་རིགས་གཅིག་པའི་དོ་བདག་གཅིག་པ་ལ་རོགས་སྐྱོར་ཐེངས་གཅིག་ལས་མི་བྱེད། གྱོད་སྒྲུབ་སྡེ་ཁག་གཞན་པ་ནས་རོགས་སྐྱོར་བྱས་ཟིན་པ་ལ་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་བསྐྱར་རོགས་སྐྱོར་མི་བྱེད། གཏུག་བཤེར་བརྒྱུད་ནས་གུན་གསབ་དང་སྐྱིན་ཚབ་ཐོབ་ཐུབ་པ་རྣམས་གཏུག་བཤེར་བརྒྱུད་ནས་གནད་དོན་ཐག་གཅོད་བྱ་རྒྱུ།

(གཉིས)དྲང་གཞག་སྒོས་རོགས་སྐྱོར་བྱ་རྒྱུ། རོགས་སྐྱོར་གྱི་ཚད་ཐིག་དང་ཆ་རྐྱེན་ལ་གཟབ་ནན་སྒོས་ཞིབ་བཤེར་བྱས་ནས་དོ་བདག་གི་ཉེ་བའི་གནས་ཚུལ་དངོས་དང་རིགས་གཅིག་པའི་གྱོད་དོན་གྱི་རོགས་དངུལ་གྱི་ཁ་གྲངས་སོགས་ལ་ཞིབ་འདང་སྔོན་དུ་སོང་སྟེ་དྲང་བདེན་དྲང་གཞག ཚུལ་མཐུན་གྱིས་རོགས་སྐྱོར་བྱ་རྒྱུ།

(གསུམ)དུས་ཐོག་ཏུ་རོགས་སྐྱོར་བྱ་རྒྱུ། རོགས་སྐྱོར་ཆ་རྐྱེན་དང་འཚམ་པའི་དོ་བདག་ལ། དོ་བདག་གི་རེ་ཞུ་དང་འགན་དབང་ལྟར་དུས་ཐོག་ཏུ་རོགས་སྐྱོར་བྱ་རྒྱུ།

(བཞི)ས་ཁོངས་སམ་ས་ཆའི་བདག་ཁོངས་ལྟར་རོགས་སྐྱོར་བྱ་རྒྱུ། རོགས་སྐྱོར་གྱི་ཆ་རྐྱེན་དང་འཚམ་པའི་དོ་བདག་ལ་གྱོད་དོན་དེ་སྒྲུབ་བཞིན་པའི་མི་དམངས་ཞིབ་དཔྱོད་ཁང་གིས་འགན་བླངས་ནས་རོགས་སྐྱོར་བྱ་རྒྱུ།

ཁྲིམས་འཛིན་རོགས་སྐྱོར་བྱེད་སྟངས་གཙོ་བོ་འདི་དག་ཡོད་དེ།

→རོགས་དངུལ་གནང་པ། →བློ་སྒོ་འབྱེད་པ།

→དྲིལ་སྒྲོག་སློབ་གསོ་སྤེལ་བ། →བཅའ་ཁྲིམས་རོགས་སྐྱོར།

→གཏུག་བཤེར་རྒུད་སྐྱོབ། →སྤྱི་ཚོགས་ཀྱི་རོགས་སྐྱོར་གཞན་དག