རང་ཞིང་གི་ཤར་རྒྱུད་ས་ཁུལ་ལ་ལོ་སྨད་ཀྱི་ཁ་བ་ཐོག་མ་བབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཁའ་དབུགས་ཇེ་འཁྱག་དུ་སོང་བའི་ཤུགས་རྐྱེན་འོག ཟླ10ཚེས26ཉིན་གྱི་མཚན་མོ་ནས་བཟུང་། རང་ཞིང་གི་ལྷོ་རྒྱུད་ས་ཁུལ་དུ་གཞི་རྒྱ་ཅུང་ཆེ་བའི་ཁངས་ཆར་འབབ་པའི་གནམ་གཤིས་གནས་ཚུལ་བྱུང་བ་དང་ཤར་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ལ2020ལོའི་ལོ་སྨད་ཀྱི་ཁ་བ་ཐོག་མ་བབས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་མང་པོར་ཁངས་ཆེན་པོ་བབས་པ་རེད།

གནམ་གཤིས་བརྟག་དཔྱད་ཁང་གི་དཔྱད་གཞིའི་ཡིག་ཆ་ལྟར་ན། ཐེངས་འདིའི་ཁངས་ཆར་འདྲེས་མ་བབས་པའི་ཁྱབ་ཁོངས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དེ་མིན་མཚོ་ཤར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་སོ་སོ་བཅས་ཡིན་ཞིང་། ཟླ10ཚེས27ཉིན་གྱི་དུས་ཚོད8བར་ཞིང་ཆེན་ཡོངས་ཀྱི་ལྟ་རྟོག་ཚད་ལེན749ཡི་ཁྲོད་ཀྱི་ས་ཚིགས189ལ་ཆར་བབས་པ་དང་ལྟ་རྟོག་ཚད་ལེན་ས་ཚིགས28ལ་ཁངས་ཆར་འདྲེས་མ་བབས་ཡོད། དེའི་ཁྲོད་རྨ་ལྷོ་ཁུལ་གྱི་དབུས་ཁུལ་དང་ལྷོ་རྒྱུད་ལ་ཁངས་བབས་ཡོད། ས་ཁུལ་མང་པོ་ཞིག་ལ་ཁངས་བབས་ཚད་ནི་ཧའོ་རྨིད10ཡི་ཡན་དང་ཁ་བ་ཆགས་ཚད་ཅུང་མངོན་གསལ་གྱིས་མཐུག་ངེས།

ཐེངས་འདིར་ཁ་བ་བབས་པའི་གནམ་གཤིས་ཀྱི་བརྒྱུད་རིམ་ཁྲོད། གནམ་གཤིས་སྡེ་ཁག་གིས་སྔ་མོ་ནས་སྔོན་དཔག་ཚད་ལྡན་འདོན་རྒྱུའི་ཐད་ལ་གྲ་སྒྲིག་བྱས་པ་དང་དེར་མ་ཟད་བརྙན་འཕྲིན་དང་རྒྱང་སྒྲོག ཚགས་པར། སྨྱན་སྦྱོར་སོགས་བརྒྱུད་དེ་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཟླ10ཚེས27ཉིན་གྱི་དུས་ཚོད7དང་སྐར་མ15ཡི་སྟེང་ཡུལ་ཤུལ་གྱི་བྱང་རྒྱུད་དང་མཚོ་ཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོའི་ལྷོ་རྒྱུད། མགོ་བྱང་གི་བྱང་རྒྱུད་བཅས་ཀྱི་གཞུང་ལམ་སྟེང་དུ་དར་ཆགས་ཡོད་པའི་ཉེན་བརྡ་སེར་པོའི་བརྡ་རྟགས་ཡང་བཏང་ཡོད།

སྔོན་དཔག་བྱས་པ་ལྟར་ན་མ་འོངས་པའི་ཉིན་གསུམ་གྱི་རིང་ལ་རང་ཞིང་གི་ཡུལ་ཤུལ་དང་མགོ་ལོག་ས་ཁུལ་དུ་ཁངས་ཆུང་ཆུང་དང་ཁངས་ཆར་འདྲེས་མ་འབབ་པའི་གནམ་གཤིས་གནས་ཚུལ་འབྱུང་སྲིད་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བ་དང་སྤྲིན་མང་པ། དྲོད་ཚད་ཡང་བསྐྱར་ཇེ་མཐོར་འཕར་བ་སོགས་ཀྱི་གནམ་གཤིས་གནས་ཚུལ་འབྱུང་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།