སློབ་གསོ་པུའུ་ཡི་སློབ་ཕྱིའི་གསོ་སྦྱོང་སྐོར་གྱི་བརྡ་ཐོ་གསར་ཤོས།

རང་རེའི་དྲ་བའི་འཕྲིན། སློབ་གསོ་པུའུ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་གན་རྒྱ་ཚད་ལྡན་དང་། སློབ་ཕྱིའི་གསོ་སྦྱོང་གན་རྒྱའི་རྩོད་གཞིར་འདུམ་འགྲིག་བྱེད་པ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་དོན་དངོས་ཐོག་སྲུང་སྐྱོབ་བྱ་ཆེད། ཉེ་སྔོན། སློབ་གསོ་པུའུ་མཉམ་འབྲེལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས《སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱིས་དྲང་གཞག་མིན་པའི་གན་རྒྱའི་དོན་ཚན་སྤྱད་ནས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།

《བརྡ་ཐོའི》ནང་དུས་ཡུན་ལོ་གཅིག་གི་གཅིག་བསྡུས་བཅོས་སྐྱོང་བྱ་བ་བཀོད་སྒྲིག་བྱས་ཤིང་། གཙོ་བོ་སློབ་གྲྭ་ཆུང་འབྲིང་སོ་སོའི་སློབ་ཕྱིའི་གསོ་སྦྱོང་ཞབས་ཞུའི་ལས་ཁུངས་ཀྱིས་དྲང་གཞག་མིན་པའི་གན་རྒྱའི་དོན་ཚན་སྤྱད་ནས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། ས་གནས་སོ་སོའི་སློབ་གསོ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། གསོ་སྦྱོང་ལས་ཁུངས་ཀྱིས་རང་སྟེང་གི་འགན་འཁྲི་མེད་པར་བཟོ་བ་དང་། འཛད་སྤྱོད་པའི་འགན་འཁྲི་ཇེ་ལྕི་ལ་གཏོང་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་མེད་པར་བཟོ་བ་བཅས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

2020ལོའི་ཟླ10པ་ནས12པའི་བར་རྩ་འཛུགས་བཀོད་སྒྲིག་དུས་རིམ་ལ་བགོས་ནས། ས་གནས་སོ་སོའི་སློབ་གསོ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱ་བའི་སྒྲིག་གཞི་འཛུགས་པ་དང་། ས་ཁུལ་དེ་གའི་གཅིག་བསྡུས་བཅོས་སྐྱོང་བྱ་བའི་ཇུས་གཞི་བཟོ་བ། འདྲ་མཉམ་མིན་པའི་གན་རྒྱའི་དོན་ཚན་འཚོལ་སྡུད་དང་ཞིབ་དཔྱད་བྱ་དགོས་པ་བཏོན་ཡོད།

2021ལོའི་ཟླ་དང་པོ་ནས་ཟླ8པའི་བར་ལག་བསྟར་དུས་རིམ་ཡིན། ས་གནས་སོ་སོའི་སློབ་གསོ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱ་བ་སྒྲུབ་ཚད་ཆེ་རུ་བཏང་སྟེ། སྲིད་འཛིན་ཁྲིད་སྟོན་དང་ཁྲིམས་བསྟར་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱོད་པ། སློབ་ཕྱིའི་གསོ་སྦྱོང་ལས་རིགས་ཁྲོད་གནས་པའི་གན་རྒྱའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱ་དགོས་པ་བཏོན་ཡོད།

2021ལོའི་ཟླ9པ་ནས11པའི་བར་བྱ་བར་སྤྱི་སྡོམ་ཀྱི་དུས་རིམ་ཡིན། ས་གནས་སོ་སོའི་སློབ་གསོ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱ་བར་སྤྱི་སྡོམ་བྱ་དགོས་པར་མ་ཟད། སློབ་གསོ་པུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ལ་ཡིག་ཐོག་གི་བྱ་བའི་སྤྱི་སྡོམ་དཔྱད་ཡིག་ཡར་ཞུ་བྱ་དགོས་པ་བཏོན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།