སྐོར་གཡེང་འཁྲབ་སྟོན་མི་འདྲ་བ16གིས་མང་ཚོགས་ཀྱི“རིག་གནས་འཚོ་བ”ཕུན་སུམ་ཚོགས་པོར་བཟོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རིག་གནས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 20ལོའི་སྐབས་བརྒྱད་པའི་ཕུལ་བྱུང་ལེ་ཚན“བསྐྱོད་པ་ལྔའི”བྱ་འགུལ་དང་སྐབས་དང་པོའི་རབ་མཛེས་མཚོ་སྔོན་ཏེ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི“སྐར་ཚོམས”རིག་རྩལ་སྒྱུ་རྩལ་ཚོགས་པས་དམངས་ལ་ཕན་བདེ་བསྐྲུན་པའི་སྐོར་གཡེང་འཁྲབ་སྟོན་བྱ་འགུལ་གྱི་མཛད་སྒོ་ཡོངས་སུ་མཇུག་བསྒྲིལ། ངོ་མཚར་ལྡནཔའི་འཁྲབ་སྟོན་མི་འདྲ་བ16གིས་ཞིང་ཆེན་ཧྲིལ་བོའི་མང་ཚོགས་ཀྱི་ལས་ཞོར་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་བཏང་།

2020ལོའི་སྐབས་བརྒྱད་པའི་ཕུལ་བྱུང་ལེ་ཚན“བསྐྱོད་པ་ལྔའི”བྱ་འགུལ་དང་སྐབས་དང་པོའི་རབ་མཛེས་མཚོ་སྔོན་ཏེ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི“སྐར་ཚོམས”རིག་རྩལ་སྒྱུ་རྩལ་ཚོགས་པས་དམངས་ཕན་སྐོར་གཡེང་འཁྲབ་སྟོན་བྱ་འགུལ་དེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཅུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་འགན་སྒྲུབ་གནང་བའི་བྱ་འགུལ་སྟེ། རིག་རྩལ་ལ་གཞི་རིམ་རིག་གནས་དམངས་ཕན་དྲོད་ཁོལ་སྐྱེལ་བ་བརྗོད་དོན་ཡིན་པས་བྱ་འགུལ་དེ་ཟི་ལིང་དང་རྟ་ཐང་། མཚོ་ཤར། རྨ་ལྷོ་སོགས་ས་ཁུལ་གྱི་གཞིས་ཁུལ་ཐང་ཆེན་དང་སློབ་གྲྭ། ལྗོངས་ཁུལ། བཟོ་ཁུལ། ཞིང་གྲོང་། འབྲོག་ཁུལ་བཅས་ལ་འཁྲབ་སྟོན་མི་འདྲ་བ16ལྷག་བྱས་ཤིང་། ཡུལ་དངོས་ལྟད་མོ་བ་ཁྱོན་བསྡོམས་པས་མི་གྲངས་ཁྲི5.5ལ་བུད།

ཞིང་ཆེན་རིག་གནས་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་བརྒྱད་པའི་ཕུལ་བྱུང་ལེ་ཚན“བསྐྱོད་པ་ལྔའི”བྱ་འགུལ་དེ་ད་ལོའི་ཟླ8པ་ནས་བཟུང་ཇུས་འགོད་བྱེད་འགོ་བརྩམས་པ་དང་གོ་རིམ་མང་པོ་ཞིག་གི་འདེམས་སྒྲུག་བརྒྱུད། ཟླ9པ་ནས་བཟུང“སྐར་ཚོམས”རིག་རྩལ་སྒྱུ་རྩལ་ཚོགས་པས་ཆེད་སྒྲིག་འཁྲབ་སྟོན་དང་ཕྱོགས་བསྡུས་སྐོར་གྱི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་སྤྱད་ནས། དམངས་སེམས་ལ་བདེ་སྐྱིད་བསྐྲུན་པའི་ངོ་མཚར་རིག་རྩལ་ལེ་ཚན་རབས་དང་རིམ་པ་གཞི་རིམ་་མང་ཚོགས་ཁྲོད་བསྐྱལ་བ་རེད།

ལོ་སྔོན་མ་དང་མི་འདྲ་བ་ཞིག་ལ། ད་ལོའི་བྱ་འགུལ་དེས་གཞི་རིམ་དུ་སྐྱོད་པ་དང་ཁེབས་རྒྱ་ཇེ་ཆེར་གཏང་བའི་རྣམ་པ་སྤྱད་ནས། འཁྲབ་སྟོན་གྱི་གར་སྟེགས་རྒྱ་ཆེའི་མང་ཚོགས་དང་བར་ཐག་ཧ་ཅང་ཉེ་རུ་བཏང་ཞིང་། སྡེ་དཀྱིལ་དང་སློབ་གྲྭ། བཟོ་ཁུལ། འབྲོག་ཁུལ་རྩྭ་ཐང་བཅས་སུ་མང་ཚོགས་ཟབ་ཞུགས་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ཡོད། འཁྲབ་སྟོན་གྱི་ནང་དོན་ལ་རོལ་ཆས་དང་བཞད་གར། དེང་རབས་གླུ་གར་ལེ་ཚན། སྒྱུ་འཕྲུལ། ས་གནས་རོལ་དབྱངས། མི་རིགས་གླུ་གར། ལ་གཞས་སོགས་འདུས་ཡོད། འཁྲབ་སྟོན་ཁྲོད་སྐོར་གཡེང་ཚོགས་པ་ཞིང་ཆེན་གྱི་གྲོང་ཁྱེར་ནས་ཞིང་སྡེའི་འབྲོག་ཁུལ་དུ་སོང་སྟེ། རིག་གནས་དང་རིག་གནས་ཀྱི་གོམ་སྟབས་རེ་རེ་མཚོ་སྔོན་གྱི་མི་དམངས་མང་ཚོགས་ཁྲོད་སིམ་དུ་བཅུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།