མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་མཚོ་སྔོན་མི་རིགས་སློབ་ཆེན་དུ་བཙུགས་པ།

ཟླ10ཚེས24ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་གི་ཡོལ་རས་ལེན་པའི་མཛད་སྒོ་དང་མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་གླེང་སྟེགས་གྲོས་ཚོགས་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་ནི་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་ཁ་གསབ། དངོས་གཉེར་གྲུབ་འབྲས་ལ་དོ་སྣང་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་རྩ་དོན་ལྟར། མཉམ་དུ་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་རིག་མཛོད་རང་བཞིན་གྱི་ཞིབ་འཇུག་ལས་ཁུངས་ཤིག་་ཡིན། ད་ལོའི་ཟླ་ལྔ་བར། རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་། མཉམ་དུ་མཚོ་སྔོན་གྱི་རིག་གནས་དང་གནས་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། མཚོ་སྔོན་རིག་གནས་དང་གནས་སྐོར་ཐིན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་མ་ཟད། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་རྒྱུའི་ཐག་བཅད།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་བར་ཇུས་ཆོད་བློ་འདྲི་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་པ། སློབ་གསོ་གསོ་སྦྱོང་། རིག་སྟོབས་ཞིབ་སྤེལ་སོགས་ཁྱབ་ཁོངས་ནས་དངོས་གཉེར་མཉམ་ལས་སྤེལ་བ། ཞིབ་འཇུག་ལས་ཁུངས་ཀྱི་རིག་མཛོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་རིག་གནས་དང་གནས་སྐོར་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་འདོད་ཚུལ་བསྟན།

ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས། མཚོ་སྔོན་མི་རིགས་སློབ་ཆེན་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཤེས་ལྡན་མི་སྣ་དང་ཞིབ་འཇུག འཚོལ་ཞིབ་དང་ལག་ལེན་བཅས་དགེ་མཚན་དུ་བསྒྱུར་ནས། མཉམ་ལས་སློབ་སྒྲུབ་བྱེད་རྒྱུ་དེ་མཚོ་སྔོན་རིག་གནས་གནས་སྐོར་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཁ་ཕྱོགས་བཟང་བོར་བརྩི་བ། མཚོ་སྔོན་རིག་གནས་གནས་སྐོར་གྱི་སྤུས་ལེགས་ཐོན་ཁུངས་ཞིབ་འཇུག་གླིང་དུ་བཀོད་སྒྲིག་བྱས་ནས། མཉམ་ལས་ཞིབ་འཇུག་བྱ་བ་དེ་བྱ་བ་གལ་ཆེན་ཁྲོད་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

ཡོལ་རས་ལེན་པའི་མཛད་སྒོའི་རྗེས་སུ། རིག་གནས་གནས་སྐོར་འཕེལ་རྒྱས་ཞིབ་འཇུག་གླིང་གིས་མཚོ་སྔོན་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་གླེང་སྟེགས་བསྡུས།