མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ལ་སྒོ་བྱང་བཀལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས21ཉིན། མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ལ་སྒོ་བྱང་འགེལ་པའི་མཛད་སྒོ་དེ་ཧོང་ཧྲེ་ཆོན་ཡུལ་ཚོ་རུ་སྤེལ་བ་དང་དེས་སློབ་གསོའི་རྟེན་གཞི་དེ་དངོས་སུ་ཕྱི་ཕྱོགས་སྒོ་འབྱེད་བྱས་པ་མཚོན་ཡོད།

དམར་གཙང་ཆུས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞིས་རྒྱལ་ཁབ་རིག་དངོས་གལ་ཆེན་ལ་སྲུང་སྐྱོབ་བྱེད་པའི་ལས་ཁུངས་ལ་བརྟེན་ནས། ཧོང་ཧྲེ་ཆོན་ཁ་ཆེ་དགོན་པ་གསར་འཛུགས་བྱས་པ་ནི་གཅིག་བསྡུས་སློབ་སྦྱོང་རོལ་མྱོང་དང་ཡུལ་སྐོར་གཟིགས་ཞིབ། རྒྱལ་གཅེས་རིང་ལུགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ངོ་བོ་གཅིག་ཏུ་སྒྲིལ་པའི་དཔེར་མཚོན་རྟེན་གཞི་ཞིག་ཡིན་ལ། ནང་དུ“ས་རྒྱུས་ཁུངས་འདེད། དར་ལམ་བདེན་དཔང་། ” “ལོ་བརྒྱའི་ལག་རྩལ། རིག་གནས་མཉམ་འདྲེས།” “མིག་རྒྱང་རིང་བསྐྱེད། དུས་བསྟུན་འཕེལ་རྒྱས།” “མི་རིགས་མཐུན་སྒྲིལ། སེམས་ཤུགས་གཅིག་སྒྲིལ།” “ཏང་འཛུགས་སྣེ་ཁྲིད། ཕུགས་མདུན་མཉམ་སྐྲུན”བཅས་ཀྱི་ལེའུ་ཆེན་པོ་ལྔ་ནི་དམར་གཙང་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ་པའི་གཡུལ་ས་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་བསླབ་གཞི་གསོན་པོ་ཞིག་ཀྱང་ཡིན། དེས་ནི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པར་དཔེར་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད། ལོ་འདི་དག་གི་རིང་ལ། དམར་གཙང་ཆུས་ཀྱིས་ཏན་ཏིག་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་ཆུས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། ཆུས་ཡོངས་སུ་དཔལ་འབྱོར་བརྟན་འཇགས་ངང་བདེ་ཐང་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ལས་རིགས་ཁྱོན་ཡོངས་ནས་མདུན་སྐྱོད་བྱེད་པ། མི་རྣམས་ཀྱི་འཚོ་བ་ལ་མངོན་གསལ་ཇེ་ལེགས་སུ་སོང་བ། སྤྱི་ཚོགས་ཀྱི་གནས་བབ་ཆེན་པོ་དང་འཆམ་མཐུན་བརྟན་འཇགས་ཀྱི་གནས་བབ་བཅས་ཇེ་ལེགས་སུ་བཏང་ཡོད་པ་རེད། ཐུན་མོང་གཉིས་དང་ཁ་བྲལ་མི་རུང་བ་གསུམ་སོགས་མི་རིགས་མཐུན་སྒྲིལ་བསམ་བློ་དེ་མི་སེམས་སུ་ཟུག་པར་བཅུག་པས་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་གསོན་ཤུགས་གསར་པ་ཞིག་བསྣན་འདུག

དམར་གཙང་ཆུས་ཀྱིས་གོམ་གང་མདུན་སྤོས་སྒོས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ཡི་སྟེགས་བུར་བརྟེན་ནས། མུ་མཐུད་དུ་སློབ་གསོའི་རྣམ་པ་གསར་སྐྲུན་ངང་སློབ་གསོའི་བྱེད་ཐབས་ཕུན་སུམ་ཚོགས་པར་བཏང་སྟེ་སློབ་གསོའི་ནང་དོན་ཡང་འཐུས་ཚང་དུ་བཟོས་ཤིང་། སློབ་གསོའི་ཕན་འབྲས་འཕར་སྣོན་གྱིས་སློབ་གསོའི་རྟེན་གཞི་ལ་འདོན་སྤེལ་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱས་ནས་ཆུས་ཧྲིལ་བོ་དང་གྲོང་ཁྱེར་ཧྲིལ་བོ། ཐ་ན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ཐད་ལ་གཡུལ་ས་གསར་པ་དང་སྒེའུ་ཁུང་གསར་པ་ཞིག་བསྐྲུན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།