མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཐེངས་འདིའི་མཚོ་སྔོན་གྱི་མི་གྲངས་ཁྱབ་བཤེར་ལ་བཏོན་པའི་སྐུལ་སློང་ཡི་གེ།

རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་སྐབས་སུ། རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བཏང་བའི་བརྟག་དཔྱད་གལ་ཆེན་ཞིག་ཡིན་ཞིང་། རང་རྒྱལ་གྱི་མི་འབོར་གྲངས་ཚད། གྲུབ་ཚུལ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ཐད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྩད་གཅོད་གསལ་པོ་བྱས་ཏེ། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པ་བཅས་ལ་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྡོམ་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཡིན། མི་གྲངས་ཁྱབ་བཤེར་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་འཐོབ་དགོས་ལ། རྒྱལ་ཁབ་ཆེན་པོའི་མི་རྩིས་ལ་ཁྱོད་མེད་ན་མི་འགྲིག་པས། ང་ཚོས་སྤྱི་ཚོགས་ཡོངས་ལ་གཤམ་གྱི་གྲོས་གཞི་འདི་བཏོན་པ་ཡིན།

1 ཁྲིམས་ལྟར་མི་གྲངས་ཁྱབ་བཤེར་ལ་གཞོགས་འདེགས་བྱེད་པ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས།》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》《རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་སྲོལ་ཡིག》གི་གཏན་འབེབས་ལྟར། ཧུར་ཐག་གིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་གྱིས་ཁྱབ་བཤེར་ལས་ཁུངས་དང་ཁྱབ་བཤེར་མི་སྣས་ཁྲིམས་ལྟར་ལས་དོན་སྤེལ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ནི་ཁྱབ་བཤེར་བྱ་ཡུལ་མི་རེ་རེས་བསྒྲུབ་དགོས་པའི་འོས་འགན་ཡིན།

2 ཁྱབ་བཤེར་གྱི་ནང་དོན་ཇི་མ་ཇི་བཞིན་དུ་ཞུ་འབུལ་བྱེད་པ།

རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པས་གློག་རྡུལ་ཅན་གྱི་ཁྱབ་བཤེར་ཐོ་འགོད་བྱེད་སྟངས་ཐོག་མར་སྤྱོད་རྒྱུ་ཡིན་པས། དྲ་ལམ་ནས་རང་བདག་གིས་ཁྱབ་བཤེར་རེའུ་མིག་སྐོང་འབུལ་བྱེད་པའི་ཐབས་ལམ་བཏོད་པ་དེས། ཁྱབ་བཤེར་པ་དང་ཁྱབ་བཤེར་མཛུབ་ཁྲིད་པ་དུད་ཚང་དུ་བསྐྱོད་ཐེངས་ཇེ་ཉུང་དུ་བཏང་ཡོད་པར་མ་ཟད། གཞི་རིམ་མི་སྣའི་ལས་ཀའི་ཁུར་པོ་ཇེ་ཡང་དང་བྱ་བའི་ལས་ཆོད་ཇེ་མཐོར་བཏང་ཡོད། རྒྱ་ཆེའི་སྤྱི་དམངས་ཀྱིས་རང་བདག་གིས་ཁྱབ་བཤེར་རེའུ་མིག་སྐོང་འབུལ་བྱེད་པའི་བརྒྱུད་རིམ་ལྟར་མི་སྒེར་དང་ཁྱིམ་ཚང་གི་རང་བདག་ཐོ་འགོད་ཡག་པོ་བྱ་དགོས་ཤིང་། དུས་མཚུངས་སུ་ཉེ་འགྲམ་གྱི་གཉེན་ཉེ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་རང་འགུལ་ངང་རེའུ་མིག་སྐོང་འབུལ་ནང་ཧུར་ཐག་གིས་ཞུགས་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱ་དགོས་པ་དང་། རང་རྟོགས་ཀྱིས་ཁྱབ་བཤེར་འོས་འགན་ལེགས་པོར་སྒྲུབ་པ་དང་། དུས་ཐོག་དང་། དོན་དངོས། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་མི་གྲངས་ཁྱབ་བཤེར་གྱི་ནང་དོན་ཞུ་འབུལ་བྱ་དགོས་ལ། གནས་ཚུལ་ངོ་མ་སྦ་གསང་མི་བྱེད་པ་དང་ཆ་འཕྲིན་རྫུན་མ་འདོན་སྤྲོད་མི་བྱེད་པ། ཁྱབ་བཤེར་ལས་དོན་ལ་འགོག་རྐྱེན་བཟོ་བའམ་ཡང་ན་དང་དུ་མི་ལེན་པ་མི་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་མི་གྲངས་ཁྱབ་བཤེར་ལས་དོན་ཡོངས་འགྲུབ་བྱེད་པར་རང་ཉིད་ཀྱིས་འཇོག་འོས་པའི་བྱས་རྗེས་འཇོག་དགོས།

3 མི་གྲངས་ཁྱབ་བཤེར་དྲིལ་སྒྲོག་ལེགས་པོ་བྱེད་པ།

མི་གྲངས་ཁྱབ་བཤེར་ནི་ཞི་བདེའི་དུས་སྐབས་ཀྱི་སྤྱི་ཚོགས་སྐུལ་སློང་ཆེ་ཤོས་ཤིག་ཡིན་པས་མི་ཚང་མ་ཞུགས་པ་དང་ཁྱིམ་ཚང་ཚང་མས་གཞོགས་འདེགས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་ཉེ་འགྲམ་གྱི་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ཁྱབ་བཤེར་སྲིད་ཇུས་དང་། བྱེད་ཐབས། ཁྱབ་བཤེར་དཔྱད་ཡིག་གི་གསང་བ་ཕྱི་ལ་མི་གྱར་བ་སོགས་གཏན་འབེབས་བྱས་ཏེ་བཅས་དྲིལ་སྒྲོག་ལེགས་པོ་བྱས་ནས། མང་ཚོགས་ལ་བསམ་བློའི་དོགས་པ་མེད་པ་དང་། མི་གྲངས་ཁྱབ་བཤེར་ལ་རྒྱུས་མངའ་ཡོད་པ། མི་གྲངས་ཁྱབ་བཤེར་ལ་རྒྱབ་སྐྱོར་བྱེད་པ། ཁྱབ་བཤེར་ནང་དོན་ཇི་མ་ཇི་བཞིན་དུ་ཞུ་འབུལ་བྱེད་པ་བཅས་བྱེད་དུ་འཇུག་དགོས།

སྤུས་ཚད་མཐོ་བའི་སྒོ་ནས་མི་གྲངས་ཁྱབ་བཤེར་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། དུས་རབས་ཀྱིས་ང་ཚོར་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། ང་ཚོས་ཧུར་ཐག་འབད་ཐག་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་གྲངས་ཁྱབ་བཤེར་བྱ་བ་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ལས་དོན་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།

2020 ལོའི་ཟླ10 པར།

ཤ་མོ་འཚོས་བསྒྱུར།