“མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་མཚོན་པའི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་རང་ཞིང་དུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན“མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་གི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་དང་། སྐབས་དང་པོའི“མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དགེ་འོས་སློབ་ཆེན་དུ་འཚོགས་པ་རེད། ལས་འཛིན་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་ཞིབ་འཇུག་ཁང་གི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་། རིགས་གཞུང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ལ་གྲོས་འཆམ་བྱུང་། ཞིབ་འཇུག་ཁང་གི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་། འཐབ་ཇུས་འཆར་འགོད། གཙོ་གནད་ལས་འགན་བཅས་གཏན་འཁེལ་བྱས་ཡོད་པ་རེད།

གླེང་སྟེགས་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་པེ་ཅིང་དགེ་འོས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་། “མདའ་གཉིས་སྲུང་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་། “མདའ་གཉིས་སྐར་གཅིག”གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་། ཀྲུང་གོ་མཐོ་རིམ་སློབ་གསོ་སློབ་ཚོགས་བསམ་བློ་ཆབ་སྲིད་སློབ་གསོའི་ཡན་ལག་ཚོགས་པ་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།

ཐེངས་འདིའི་གླེང་སྟེགས་ཀྱིས““མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་གསར་པའི་རིན་ཐང”ཞེས་པ་བརྗོད་བྱ་གཙོ་བོར་བྱས། “མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་དམིགས་ནས་དུས་རབས་གསར་པའི་རིན་ཐང་མཚོན་པ། གཏིང་རིམ་གྱི་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས། རྒྱང་ལྟའི་རང་བཞིན་དང་སྒོ་འབྱེད་རང་བཞིན་ལྡན་པའི་རིགས་གཞུང་དཔྱད་བསྡུར་བྱས་ཏེ“མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་དང་ལག་ལེན་གྱི་ཁྲིད་སྟོན་བྱེད་པར་ལས་སྟེགས་གསར་པ་བསྐྲུན་པ་དང་། སྒེའུ་ཁུང་གསར་པ་ཕྱེ་བ། སྒུལ་ནུས་གསར་པ་གཅིག་བསྡུས་བཅས་བྱས་ཡོད་པ་རེད།

གླེང་སྟེགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཡོད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། “མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་དུས་རབས་གསར་པའི་རིན་ཐང་ལ་དཔྱད་གླེང་བྱས། “མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་ཇི་ལྟར་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོ་དང་སློབ་ཁྲིད་ཐོན་ཁུངས་སུ་བསྒྱུར་རྒྱུའི་སྐོར་ལ་དཔྱད་བསྡུར་གཏིང་ཟབ་བྱས། དུས་རབས་གསར་པར“མདའ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་གསོན་ཤུགས་གསར་པ་འཕེལ་བ་དང་འོད་སྟོང་གསར་པ་གཏོད་པ། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

ཚོགས་ཞུགས་ཆེད་ལས་མཁས་པ་དང་རིགས་གཞུང་མཁས་པ། དེ་བཞིན་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་བཅས་ནས། ཞིབ་འཇུག་ཁང་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས་རང་རྟོགས་ངང་“མདའ་གཉིས་སྲུང་སྐར་གཅིག”གི་དགོངས་དོན་ཞིབ་འཇུག་བྱེད་མཁན་དང་། ཁྱབ་སྤེལ་བྱེད་མཁན། ལག་ལེན་བྱེད་མཁན་བཅས་བྱེད་དགོས། དགེ་སློབ་ཚང་མས་རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་འདུན་པ་བརྟན་པོར་བཅངས་ཏེ། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཕུགས་འདུན། རྒྱལ་ཁབ་ལ་དྲིན་གཟོ་བའི་བྱ་སྤྱོད་བཅས་རང་རྟོགས་ངང་དེང་རབས་ཅན་མངོན་འགྱུར་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་འདྲེས་པར་བྱེད་པ་དང་། དཀའ་ངལ་དང་ཉེན་ཁ་ལ་མི་སྐྲག་པ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ནས་རང་རྟོགས་ངང་མི་སྒེར་གྱི་ཕུགས་བསམ་དོན་གཉེར་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ་བྱ་དགོས་ཟེར།

ཤ་མོ་འཚོས་བསྒྱུར།