2020ལོར། སྨན་བཅོས་འགན་བཅོལ་ལ་འགྱུར་བ་བཏང་རྐྱེན་ས་ཆ་མང་པོ་ནས་སྨན་བཅོས་དང་སྨན་བཅོས་རིན་གོང་རྩིས་ཞུའི་ཐད་ལ་འགྱུར་ལྡོག་འབྱུང་རྒྱུ་རེད།

སྨན་བཅོས་དང་སྨན་བཅོས་རིན་གོང་རྩིས་ཞུ་ལ་འགྱུར་ལྡོག་གསར་པ་འབྱུང་རྒྱུ་རེད།

ཉེ་ཆར། ཞིང་ཆེན་མང་པོས2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གྱི་འཇལ་སྤྲོད་ཚད་གཞི་ཁྱབ་སྒྲོག་བྱས་པར་དྲ་གྲོགས་མི་ཉུང་བ་ཞིག་གིས་དོ་ཁུར་ཆེན་པོ་བྱེད་ཀྱིན་འདུག

དེའི་ནང་། ཞིང་ཆེན་ཁག་གཅིག་གིས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་མཐོ་རུ་བཏང་ཞིང་། འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྔར་བས་མཐོ་རུ་བཏང་བ་དང་། ད་དུང་ཞིང་ཆེན་མི་ཉུང་བ་ཞིག་གི་བསྡོམས་རྩིས་སྔར་བས་སྟབས་བདེ་རུ་འགྲོ་བཞིན་ཡོད་ལ། ཐ་ན་དྲ་ཐོག་ནས་འགྲོ་ལུགས་ཚང་མ་ཐག་གཅོད་ཐུབ་པ་རེད། ཞིང་ཆེན་ཁག་གཅིག་གིས་དལ་བའི་རང་བཞིན་གྱི་ནད་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་བ་རེད། ལེགས་སྒྲིག་འདི་དག་གིས་མང་ཚོགས་གྱི་སྨན་བཅོས་རྩིས་ཞུ་ལ་བྱེ་བྲག་གི་ཤུགས་རྐྱེན་གང་དག་ཐེབས་ཡོད་པར་ང་ཚོས་མཉམ་དུ་བལྟ།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་མི་ཉུང་བ་ཞིག་གི2021ལོའི་སྨན་བཅོས་འགན་བཅོལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་དང་ནོར་སྲིད་ཁ་གསབ་བྱེད་ཤུགས་ཀྱང་དེ་དང་ཆབས་ཅིག་ཏུ་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

ང་ཚོས་དཔེར་བརྗོད་ཅིག་འཇོག་པར་བྱེད།

ཟླ10པའི་ཚེས12ཉིན། པེ་ཅིང་གིས་གཏན་འབེབས་གསར་པ་ཁྱབ་སྒྲོག་བྱས་པ་དང་། 2020ལོའི་སྒོ་བསྟེན་སྨན་བཅོས་དང་མྱུར་སྐྱོབ་ཀྱི་འགྲོ་སོང་རྩིས་ཞུའི་སྤྱི་འབོར་གྱི་གོང་མཚམས་སྒོར3000ནས་སྒོར4000བར་ལེགས་སྒྲིག་བྱས་རྗེས། 2021ལོར། པེ་ཅིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཚད་གཞི་སླར་ཡང་སྒོར500སྤར་ནས་སྒོར4500ཟིན་རྒྱུ་རེད།  

སྨན་བཅོས་འགན་བཅོལ་གྱི་ཆུ་ཚད་མཐོ་རུ་བཏང་བ་དེ་འགན་བཅོལ་ནང་ཞུགས་མཁན་གྱི་ངོས་ནས་བཤད་ན་ཐད་ཀར་དུ་སྨན་བཅོས་དང་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་དེ་རེད།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་གིས་སྔོན་དང་བསྡུར་ན་བསྡོམས་རྩིས་བྱེད་སྟངས་སྟབས་བདེ་བཟོས་ཡོད་པ་རེད།

མཚོ་སྔོན་ལ་མཚོན་ན་ཟླ6པར། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཞིང་ཆེན་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི10དང་སྨན་རྫས་ཚོང་ཁང1000ཏུ་སྤྱོད་འགོ་ཚུགས་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་ནོར་སྲིད་པུས་ཉིན་ཤས་སྔོན་ལ་བརྡ་ཐོ་བཏང་བ་གཞིར་བཟུང་སྟེ། 2021ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་སྤྱི་པའི་ཞབས་ཞུ་དང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་དོ་དམ་སོགས་ལས་སྒོའི་ཁོངས་གཏོགས14ཚུད་ཡོད་པ་རེད། དེའང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཚོད་ལྟའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏང་རྒྱུ་ཡིན་པ་དེ་རེད།

འགན་བཅོལ་ནང་ཞུགས་མཁན་ཚང་མའི་ཁྲོད་ནད་ཚབས་ཆེན་དང་དལ་བའི་རང་བཞིན་གྱི་ནད་ཕོག་པའི་ནད་པ་རྣམས་ལ་ལྷག་པར་དུ་དོ་སྣང་བྱ་དགོས་པར་ཡོད། དཔེར་ན། ཁྲག་ཤེད་མཐོ་བ་དང་གཅིན་སྙི་སོགས་ཀྱི་སྨན་བཅོས་དགོས་མཁོ་དེ་བས་ཆེ་བ་མ་ཟད། རྒྱུན་རྣམ་ཅན་ལྡན་པ་རེད།

དེ་དག་ལ་ས་གནས་སོ་སོའི་སྨན་བཅོས་འགན་བཅོལ་གྱིས་ཀྱང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དཔེར་ན།

ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི“ནད་གཉིས”འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་རིན་སྤྱི་འདོམས་ཐེབས་རྩའི་ནང་བཅུག་ནས་གཏོང་སྤྲོད་བྱས་པ་རེད། འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་ཤོས70%ཟིན་པ་རེད།

ད་ལྟ་རང་རྒྱལ་གྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཞིང་་སྨན་བཅོས་འགན་བཅོལ་གྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། སྨན་བཅོས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་གྲོང་མི་སྔར་བས་མང་བར་སྨན་བཅོས་འགན་བཅོལ་གྱི་ཕན་པ་འཐོབ་རྒྱུ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་ཆར། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་དྲ་བ་བཙུགས་ནས། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར13.5ལྷག་ལ་བསླེབས་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།