ཁོང་ཡུང་གིས་རྒན་གསོའི་སྒྲིག་ཁུངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒན་པར་འཚམས་འདྲི་གནང་སྐབས་གཏམ་བཤད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས21ཉིན། ཧྲིན་ཀྲང་གཞོན་པ་ཞིང་ཆེན་རྒན་པའི་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཁོང་ཡུང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གི་ལུས་གསོ་ལྟེ་གནས་དང་གྲོང་བྱང་ཁུལ་གྱི་ཞི་མཐུན་ཁམས་གསོ་གླིང་དུ་སོང་ནས་རྒན་གསོའི་སྒྲིག་གཞི་འཛུགས་སྐྱོང་བྱས་ཚུལ་ལ་རྟོག་ཞིབ་གནང་བ་རེད། རྒན་པ་དང་སྒྲིག་གཞིའི་ཞབས་ཞུ་མི་སྣར་འཚམས་འདྲི་བྱས་པ་བ་རེད།

ཁོང་ཡུང་གིས་བསྟན་དོན། རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་རྒྱུ་ནི་རྒན་པའི་ལས་དོན་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་བྱེད་ཐབས་གལ་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུའི་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཅུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱེད་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། བྱ་བ་ཏན་ཏིག་སྤེལ་བྱས་པས་ཞིང་ཆེན་ཡོངས་ཀྱི་རྒན་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན།

ཁོང་ཡུང་གིས་བསྟན་དོན། ད་ལྟ་རང་ཞིང་ལོ་ན་རྒན་ཤོས་ཅན་གྱི་སྤྱི་ཚོགས་སུ་བསླེབས་པ་དང་། རྒན་གསོའི་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་དལ་འགོར་བྱེད་མི་རུང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ་། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་དང་བྱ་བར་ཧུར་ཐག་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚོང་རའི་འཁོར་སྐྱོད། སྤྱི་ཚོགས་ཟབ་ཞུགས། ཆེད་ལས་ཅན་དང་ཚོང་གཉེར་ཅན་བཅས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཕྱོགས་ཡོངས་ལ་ཁྱབ་པའི་རྒན་པའི་ཞབས་ཞུའི་མ་ལག་མྱུར་དུ་འཛུགས་དགོས་པ་དང་། བདེ་ཐང་སྲུང་སྐྱོབ་དང་ནད་རིགས་ཀྱི་གསོ་བཅོས། ཁམས་གསོ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་ནད་ལྗིད་མོ་གསོ་བཅོས་དང་ཁམས་གསོ་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་བདེ་ཐང་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། བསྟུད་མར་རྒན་གསོའི་ལས་ཁུངས་ཀྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བྱེད་པ་དང་། རྒན་རྒོན་ཚོ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་ཐུབ་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་དགོས་པ་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།