ཝང་ཅན་ཅུན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཁོངས་མི་སྤྱི་གཉེར་བ་གཞོན་པ་ཧོང་མིན་འགོ་ཚུགས་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅན་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་བྱས་ཏེ་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད། ཁོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཏང་སྲིད་དམག་དམངས་དང་ཤར་ལྷོ་ནུབ་བྱང་གང་སར་ཏང་ནི་ཐམས་ཅད་ལ་སྣེ་ཁྲིད་བྱེད་མཁན་ཡིན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནི་ཏང་གི་འགོ་ཁྲིད་འོག་གི་རྒྱལ་དབང་ཁེ་ལས་ཤིག་ཡིན། ཏང་གིས་རྒྱལ་དབང་ཁེ་ལས་ལ་འགོ་ཁྲིད་བྱེད་ཤུགས་ཟམ་མི་ཆད་པར་མཐོར་འདེགས་དང་། “འདུ་ཤེས་བཞི”འཛིན་ཤུགས་ཆེ་རུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་པ་བཅས་བྱ་དགོས་ལ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཏང་འཛུགས་སྐྲུན་གྱི་ཚོགས་འདུ་ཞིག་ཡིན་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་ནི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ཡིན་པས། ཏང་གིས་ཏང་གི་སྐོར་གླེང་བ་དང་། ཏང་གིས་ཏང་གི་དོན་ལ་སེམས་ཁྲལ་བྱེད་པ། ཏང་གི་ཆེད་དུ་བྱ་བ་སྒྲུབ་པ་བཅས་བྱེད་དགོས་པར་མ་ཟད། སེམས་ནང་དུ་དུས་རྟག་པར་ཏང་ཡོད་པ་བྱས་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཏང་གི་འཐུས་མིས་དམངས་གཙོ་དར་སྤེལ་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན། བློ་བསྡུས་དགེ་འཚོལ་དང་གང་བསམ་ལྷུག་བརྗོད། བློ་གྲོས་འབུལ་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་གང་བསམ་ཚང་མ་ཏང་ཨུའི་ལས་དོན་སྙན་ཞུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་ནང་འདྲེས་པར་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་བློ་དང་བྱ་སྤྱོད་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཏང་གི་འཐུས་མི་ཚང་མས་ཏང་གི་ལས་དོན་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས། རང་ཉིད་ཀྱི་བླ་ན་མེད་པའི་འདེམས་ཤོག་ཡག་པོ་འཕངས་ཏེ། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་བྱེད་པ། ཏང་གི་འཐུས་མིའི་ཚོགས་ཆེན་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་སྟོན་པ་བཅས་ཀྱི་སྐུལ་སློང་ཚོགས་འདུ་ཞིག་ཡིན། ཚོགས་འདུ་སྐབས་རེ་རེ་ཡག་པོ་འཚོག་པ་དང་ལོ་ལྔའི་བྱ་བ་ཡག་པོ་བསྒྲུབ་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུ་དང་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་བྱེད་པ། ཏང་ཨུའི་སྐབས་གསར་པ་སྒྲིག་འཛུགས་བྱས་རྗེས། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཀུང་ཟི་ཡོངས་ཀྱི་སྣེ་ཁྲིད་དེ་སྔ་འཛིན་ཕྱི་གཏོད་དང་མ་འོངས་གསར་གཏོད་བྱ་དགོས་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱ་དགོས་ཟེར། ཁོས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་འདི་ཉིད་རང་ཁྱིམ་གྱི་ཁྱིམ་མིར་བརྩིས་ཏེ། མཚོ་བོད་སྡེ་ཚོགས་ཀུང་ཟིའི་འཕེལ་རྒྱས་དང་ཡར་ཐོན་ལ་སྔར་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཧོང་མིན་གྱིས་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏང་ཙུའུ་ཡི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། མཚོ་བོད་ཚོགས་པ་ཀུང་སིའི་བྱ་བ་ཅི་རིགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ཏང་གི་འགོ་ཁྲིད་འོག་དེང་རབས་ཀྱི་རྒྱལ་ཁབ་ལྕགས་ལམ་ཁེ་ལས་བཅོས་སྐྱོང་ལམ་སྲོལ་བཙུགས་ནས་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་ཚོགས་པ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་པ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྐང་འཛིན་སྟོབས་ཤུགས་གཏོད་དགོས་པ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་བྱང་ཆུབ་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཚོགས་པ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་སྲུང་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཚོགས་པ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གོང་བུར་འགྲིལ་བ་བྱེད་པ། མཚོ་བོད་ལྕགས་ལམ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་དམིགས་པ། ཚོགས་པ་ཀུང་སིའི་བཅོས་བསྒྱུར་དང་འཕེལ་རྒྱས་དེ་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་བཀོད་པ་ཆེན་པོའི་ནང་འདྲེས་པར་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གདོང་མཆོང་ཧུར་ཐག་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”བསྟུད་མར་འབད་འཐབ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་སྐབས། རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ནས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་དང་ལྕགས་ལམ་སྔོན་ལ་ལག་བསྟར་བྱེད་པའི་མཚོ་བོད་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།