རང་ཞིང་གིས་སླར་ཡང་འཚོབ་ཐུབ་པའི་ཐོན་ཁུངས་ཕྱིར་བསྡུས་ཏེ་བེད་སྤྱོད་གཏོང་བར་སློབ་སྦྱོང་བྱེད་པའི་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས15ཉིན། ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གཉེར་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ལས་རིགས་ཀྱི་གསོ་སྦྱོང་འཛིན་གྲྭ”ཟི་ལིང་དུ་སློབ་འགོ་ཚུགས་པ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཚོང་དོན་གཙོ་གཉེར་སྡེ་ཚན་དང་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཁེ་ལས་ཀྱི་སློབ་མ60ལྷག་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

བསྐྱར་སྐྱེས་ཐོན་ཁུངས་དེ་ཐོན་ཁུངས་འཁོར་རྒྱུག་འཕེལ་རྒྱས་དང་བེད་སྤྱོད་ཀྱི་འགོ་བརྩམས་ས་གསར་པར་བརྩིས་པ་དེ་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དཔལ་འབྱོར་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་དང་། ཐོན་ཁུངས་རྒྱུན་སྲིང་བེད་སྤྱོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོ་ནས་བཟུང་། ཚོང་དོན་པུའུ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུས་ཁྱིམ་སྤྱོད་གློག་ཆས་རྙིང་ཧྲུལ་དང་བེད་མེད་སྤོས་འགྱིག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཡིག་ཆ་སྔ་རྗེས་སུ་བཏོན་པས་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ལས་རིགས་ལ་ཕྱོགས་སྒྱུར་ཆེན་པོ་བྱེད་པའི་འགག་རྩའི་དུས་སྐབས་སུ་བསླེབས་ཡོད་པ་རེད།

ཐེངས་འདིའི་གསོ་སྦྱོང་དེ་ད་སྔའི་ཞིང་ཆེན་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པའི་རིགས་ཚུར་བསྡུ་མ་ལག་འཛུགས་སྐྲུན་དང་སྤོས་འགྱིག་སྦགས་བཙོག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཡོད་ཅིང་། ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཞིབ་འཇུག་ཁང་དང་ཀྲུང་གོ་དངོས་ཟོག་བསྐྱར་སྐྱེས་མཐུན་ཚོགས་ཀྱི་ཆེད་མཁས་པ་དང་མཁས་དབང་དང་དེ་བཞིན་ཡུན་ཧའེ་དང་ཤིང་འབྲས་ཉིང་རྡུལ་སོགས་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ཁེ་ལས་ཀྱི་ཆེད་ལས་མི་སྣ་ཆེད་མངགས་གདན་ཞུ་བྱས་པ་རེད། སློབ་མ་ཚོར་སློབ་ཁྲིད་དང་གཏམ་ཅི་རིགས་སྤེལ་བ་དང་ཉམས་མྱོང་ཁྱབ་གདལ་བཏང་བ་རེད། གསོ་སྦྱོང་འཛིན་གྲྭ་གཉེར་བ། རང་ཞིང་གི་ལས་རིགས་དང་ཁེ་ལས་ཀྱི་ངོས་འཛིན་མཐོར་གཏོང་དང་བསམ་ཕྱོགས་ཁ་གསལ་ཡོང་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཏེ་ལས་རིགས་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།