རྒྱལ་ཁབ་མང་པོ“ཏོག་གསར་གློ་ཚད་འགོག་ཁབ་ལག་བསྟར་འཆར་གཞིར”ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་བསྟན་དོན། མིག་སྔར་རྒྱལ་ཁབ་དང་ས་ཁུལ་184འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་མཉམ་ལས་རོགས་པས་སྤེལ་བའི་“ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ལག་བསྟར་འཆར་གཞི”ལ་ཞུགས་ཡོད་ཅིང་། རྒྱལ་ཁབ་དེ་བས་མང་པོ་ལ་འདྲ་མཉམ་དང་ཕན་ནུས་ལྡན་པའི་ངང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐོབ་པའི་རེ་བ་ཡོད་ཅེས་བཤད།

ཐན་ཏེ་སའེ་ཡིས་ཉིན་དེར་དྲ་ཐོག་ནས་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་བཤད་དོན། “ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ལག་བསྟར་འཆར་གཞི”ནི་མིག་སྔར་འཛམ་གླིང་ཁྱབ་ཁོངས་སུ་འདྲ་མཉམ་མཉམ་སྤྱོད་དང་བདེ་འཇགས་ཕན་ནུས་ལྡན་པའི་འགོག་ཁབ་ཀྱི་ལམ་སྲོལ་ཞིག་རེད། ཕན་ནུས་ལྡན་པ་དང་འདྲ་མཉམ་གྱི་སྒོ་ནས་འགོག་ཁབ་མཉམ་སྤྱོད་བྱས་ན། ད་གཟོད་ཉེན་ཁ་ཆེ་བའི་མང་ཚོགས་དང་། འཛམ་གླིང་འཕྲོད་བསྟེན་མ་ལག་བརྟན་ལྷིང་སྲུང་སྐྱོང་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོར་དངོས་སུ་སྐུལ་འདེད་གཏོང་བའི་བྱེད་ཐབས་མགྱོགས་ཤོས་དེ་རེད།

ཐན་ཏེ་སའེ་ཡིས། སའི་གོ་ལའི་ཕྱེད་བྱང་མར་དགུན་ཁ་སླེབས་པ་དང་བསྟུན། ཏོག་གསར་གློ་ཚད་རིམས་ནད་ནི་“སེམས་ཁྲལ་ཆེ་བའི་དུས་རིམ”ལ་སླེབས་པ་རེད། ཡོ་རོབ་དང་ཨ་རི་བྱང་མའི་ཉིན་རེར་གསར་དུ་འཕར་བའི་གཏན་འཁེལ་བྱུང་བའི་ནད་དཔེ་ནི་མགྱོགས་མྱུར་ངང་འཕེལ་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཕན་ནུས་ལྡན་པ་ར་སྤྲོད་བྱུང་ཟིན་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྟངས་ལག་བསྟར་བྱེད་གང་ཐུབ་བྱས་ནས། ནད་དུག་བརྒྱུད་སྤེལ་ཚད་འགོག་བྱས་ཏེ་ཚེ་སྲོག་སྐྱོབ་དགོས་པ་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ཟླ་10ཚེས་19ཉིན་བར་རྒྱལ་ཁབ་ཁག་གིས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་པ་དང་ཐོ་འགོད་བྱས་ཟིན་པའི་རིམས་འགོག་སྨན་ཁབ་ཁྱོན་རིགས་198ཡོད་པ་དང་། དེའི་ནང་རིགས་44ནད་ཐོག་ཚོད་ལྟའི་དུས་རིམ་དུ་སླེབས་ཡོད།