ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་19ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་རིང་ཀྲུང་གོའི་མི་འབོར་དུང་ཕྱུར་7.5དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་ཡོད། ཀྲུང་གོས་རང་ངོས་ཀྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་ནུས་པ་གང་ལྕོགས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ཡོད།

ཟླ་10ཚེས་17ཉིན་ནི་རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཨང་བདུན་པའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གོས་ད་དུང་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།