རང་ཞིང་གི་གནའ་རྫས90ལྷག་ཙམ་སི་ཁྲོན་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས27ཉིན་ནས་ཟླ10པའི་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས་སྣེ་ཁྲིད་དེ་བཏོད་པའི་ཐོག་མའི་གསར་གཏོད་འགྲེམས་སྟོན“མཁའ་ལམ་ལ་བརྐྱངས་པའི་གཞས་རིང”——ཐང་བོད་གནའ་ལམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་གནའ་རྫས་མཉམ་འབྲེལ་འགྲེམས་སྟོན་སི་ཁྲོན་དངོས་མང་བཤམས་སྟོན་ཁང་དུ་བཤམས་སྟོན་བྱས་ཤིང་། རང་ཞིང་གི་གནའ་རྫས90ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

ཐང་བོད་གནའ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ3000ལྷག་ཡོད་ཅིང་། དེའི་ཁྲོད་ཀྱི་ལམ་དུམ་ཕྱེད་ཀ་ཡན་ཆོད་མཚོ་སྔོན་གྱི་ས་ཁོངས་སུ་ཡོད་པ་དང་ཧྲན་ཞིས་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་ས་ཁུལ་ལས་བརྒལ་ཡོད་པ་རེད། ཐང་རྒྱལ་རབས་ནས་བཟུང་དབུས་ཁུལ་ནས་མཚོ་སྔོན་དང་བོད་ལྗོངས་སུ་བསྐྱོད་པ་དང་། ནེ་པ་ལ་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བགྲོད་ལམ་ནི་མི་རིགས་འགྲོ་འོང་དང་། རིག་གནས་རྗེས་རེས། ཉོ་ཚོང་འགྲོ་འོང་། རིག་གནས་ཁྱབ་སྤེལ། མི་རིགས་ཀྱི་བརྩེ་དུང་སྲུང་འཛིན་བཅས་བྱེད་པའི་ཟམ་པ་ལྟ་བུ་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་བདེན་དཔང་ཡང་ཡིན།

གནའ་ལམ་འདིའི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བའི་དེང་རབས་ཀྱི་འགྲིམ་འགྲུལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཐེངས་འདིར་སི་ཁྲོན་རུ་འགྲེམས་སྟོན་བྱས་པར། སྔར་ཡོད་ཀྱི་སྐོར་སྐྱོད་འགྲེམས་སྟོན་གྱི་རྨང་གཞིའི་ཐོག་སི་ཁྲོན་བཙན་པོའི་གནའ་ཤུལ་དང་སེར་ཤུལ་གནའ་རྫས་རྟོག་ཞིབ་སོགས་ཀྱི་གྲུབ་འབྲས་གསར་པ་བསྣན་ནས་ཐང་བོད་གནའ་ལམ་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། འགྲེམས་སྟོན་གྱི་ནང་དོན་ལ་ཐང་བོད་གནའ་ལམ་གྱི་འབྱུང་རྐྱེན་དང་། ཐང་བོད་བར་གྱི་ཆབ་སྲིད་འབྲེལ་བ། ཐང་བོད་དབར་གྱི་དཔལ་འབྱོར་འགྲོ་འོང་སོགས་ཀྱི་ཆ་ཤས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་། ཧྲན་ཞིས་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་། ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་། མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་གནའ་ལམ་དངོས་མང་བཤམས་སྟོན་ཁང་སོགས་དངོས་མང་བཤམས་སྟོན་ཁང་མང་པོ་ཞིག་གིས་ཉར་ཚགས་བྱས་པའི་གནའ་ལམ་གྱི་སྤུས་ལེགས་གནའ་རྫས189བདམས་ཡོད་པ་རེད།

གནའ་རྫས་ཀྱི་ཡོང་ཁུངས་རྒྱ་ཆེ་ལ་རིགས་ཕུན་སུམ་ཚོགས་པས་ལྟད་མོ་བར་གནའ་བོའི་བགྲོད་ལམ་དེའི་ལོ་ངོ་སྟོང་གི་འདས་དོན་བརྗོད་ཡོད། འགྲེམ་སྟོན་གྱི་རྣམ་པའི་ཆ་ནས་རམ་འདེགས་པར་རིས་ལ་བརྟེན་ནས་གནའ་རྫས་ཀྱི་བརྗོད་བྱ་གང་ལེགས་མངོན་པར་བྱས་ཡོད་པ་མ་ཟད། ད་དུང་གྲངས་འཛིན་ཅན་གྱི་འགྲེམས་སྟོན་ལག་རྩལ་མངོན་གསལ་ཡོང་བ་བྱས་ཏེ། ལྟད་མོ་བར་གནའ་རྫས་ལ་མྱོང་རོལ་བྱེད་པའི་ཟུར་ཚད་གསར་པ་དང་སྣ་མང་བྱེད་ཐབས་མཁོ་འདོན་བྱས་ནས། ཚང་མའི་གནའ་རྫས་ཤེས་རྟོགས་དང་། གོ་རྟོགས། མྱོང་རོལ་བཅས་ལ་སྔར་ལས་ལྷག་པའི་ཕན་འབྲས་ཐོབ་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།