མཚོ་ནུབ་ནས་མང་ཚོགས་བརྒྱ་ཁྲིའི་ལས་སྒོ་གསར་འབྱེད་ཀྱི་བྱེད་སྒོའི་གཟའ་འཁོར་མགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “གསར་གཏོད་ཀྱིས་ལས་གཏོད་ལ་སྣེ་ཁྲིད་དང་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི2020ལོའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་བརྒྱ་ཁྲིའི་ལས་སྒོ་གསར་འབྱེད་ཀྱི་བྱེད་སྒོའི་གཟའ་འཁོར་གཏེར་ལེན་ཁ་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་འགོ་ཚུགས་པ་རེད།

“གཉིས་གཏོད་བྱེད་སྒོ”ནི་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་རེད་ལ། དེའི་དམིགས་ཡུལ་ནི་གསར་གཏོད་གཉིས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་བརྒྱུད་གསར་གཏོད་ལས་གཏོད་ལ་ཕན་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོར་གཅིག་སྡུད་བྱས་ཏེ་ན་གཞོན་རྣམས་ཚོང་རར་བསྐྱོད་པར་སྐུལ་ཁྲིད་བྱས་པ་བརྒྱུད། སྤྱི་ཚོགས་ཐོག་བསྐྱོད་དེ་སྤྱི་ཚོགས་ལ་བྱས་རྗེས་སྔར་བས་ཆེ་བ་འབུལ་རྒྱུ་དེ་རེད། འགོ་ཚུགས་མཛད་སྒོའི་ཉིན་དེར། མཚོ་ནུབ་ཁུལ་ནས་ཡོང་བའི་འབྲེལ་ཡོད་ལས་ཁུངས10ལྷག་ཙམ་དང་གཉིས་གཏོད་ཁེ་ལས15བྱེད་སྒོའི་ནང་ཞུགས་པ་དང་འབྲེལ་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། ཡུལ་དངོས་སུ“གཉིས་གཏོད”ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པ། དྲིལ་སྒྲོག་འགྲེམས་པང་སྒྲིག་པ། བློ་འདྲི་སྟེགས་བུ་འཛུགས་པ་དང་སྲིད་ཇུས་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བྱེད་སྒོའི་རྣམ་པ་ཟབ་མོ་བཏོད་ཅིང་མང་ཚོགས་མང་པོ་མ་བོས་ངང་གིས་འདུ་བར་བྱས་པ་རེད།

“གསར་གཏོད་གཉིས་ཀྱི་བྱེད་སྒོའི”རིང་། མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་འབྲེལ་ཡོད་ལས་གཏོད་འགྲན་སྡུར་ཆེན་མོ་དང་། སྲིད་ཇུས་སྒྲོག་འགྲེལ། གཉིས་གཏོད་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་གཏོད་པ་དང་ཇེ་ལེགས་སུ་གཏོང་རྒྱུ་རེད། གསར་གཏོད་ཀྱི་འདེགས་སྐྱོར་ལས་སྟེགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འདོད་མོས་ཡོད་པའི་འབྲེལ་ཡོད་ཚོགས་སྤྱིར་ལས་གཏོད་གསར་གཏོད་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ནས། མཚོ་ནུབ་ཁུལ་གྱི“གསར་གཏོད་གཉིས”ཀྱི་བྱ་བར་ཕན་འབྲས་དངོས་ཐོན་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།