ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་གིས་བཟོ་ཚོང་དེ་བཙུགས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་གིས་ཞང་ཀང་ནས་བཟོ་ཚོང་དེ་བཙུགས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་བཙུགས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ལས་རིགས་སོ་སོའི་གྲོགས་པོ་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཝང་དབྱང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་དོན། ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་བཙུགས་པའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་ཞང་ཀང་ལ་དགའ་བའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་། བཟོ་ཚོང་འཕེལ་རྒྱས་དང་ཞང་ཀང་གི་དར་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་ཞིང་། ཞང་ཀང་དང་མེས་རྒྱལ་ནང་ལོགས་ཀྱི་དཔལ་འབྱོར་བརྗེ་རེས་དང་མཉམ་ལས་ལ་ཟབ་ཞུགས་དང་སྐུལ་འདེད་གཏོང་བ་དང་། ཞང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལ་གོང་བཀུར་བྱས་ནས། ཞང་ཀང་གི་དར་རྒྱས་བརྟན་འཇགས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ཐད་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། དུས་རབས་གསར་བར་བྱེད་ཐབས་གསར་བ་འདོན་པར་འབོད་སྐུལ་གཏོང་བ་དང་། བསྒྱུར་བཅོས་བྱེད་པར་ཁག་ཁུར་མཁོ་བ་ཡིན། ཞང་ཀང་ཀྲུང་ཧྭ་སྤྱིའི་བཟོ་ཚོང་གིས་མུ་མཐུད་དུ་རྒྱལ་ཁབ་དང་ཞང་ཀང་ལ་དགའ་ཞེན་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་ཁབ་ཀྱི་སྒོ་འབྱེད་ལ་རོགས་འདེགས་བྱེད་པ་དང་རང་འགུལ་གྱིས་ཞང་ཀང་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁྲོད་འདྲེས་པར་བྱེད་པ། མཐུན་སྒྲིལ་མཛའ་འབྲེལ་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། བརྩེ་བ་ཆེན་པོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། ན་གཞོན་འཚར་ལོངས་འབྱུང་བར་ཐུགས་ཁུར་བྱས་ནས། ཞང་ཀང་དུས་ཡུན་རིང་བོར་དར་རྒྱས་གཏན་འཇགས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག་སོགས་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་སུམ་བརྒྱ་ལྷག་དགའ་སྟོན་བྱ་འགུལ་ལ་ཞུགས།